ཁྲིམས་རྩོད་པ་གྲཊ་ཅན་ཞིག་གིས་རང་ལུས་མེར་བསྲེགས།

ཨ་རིའི་ཁྲིམས་རྩོད་པ་གྲགས་ཅན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་ཌཱ་ཝེ་ཌི་བྷོ་ཀུལ་ཞེས་པ་ཞིག་གིས་ཁོར་ཡུག་སྲུང་སྐྱོབ་ཆེད་རང་ལུས་མེར་སྲེག་གནང་ཡོད་འདུགནེའུ་ཡོག་ཉེན་རྟོག་པས་ཤེས་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པ་ས་གནས་དེའི་ཆུ་ཚོད་༦།༤༠ ཡས་མས་སུ། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་སྤྱི་གླིང་(Prospect Park)ནང་དུ། རང་ལོ་ ༦༠ ཡིན་པའི་ཌཱ་ཝེ་ཌི་བྷོ་ཀུལ་(David Buckel)ཞེས་པའི་ཨ་རིའི་གཉེན་སྒྲིག་ཁྲིམས་རྩོད་པ་གྲགས་ཅན་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་ཞིག་གིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་ཕྱིན་ཡོད་འདུག ཁོང་གིས་མེར་སྲེག་གནང་བ་དངོས་སུ་མཐོང་མཁན་ཚོས་དེ་མ་ཐག་ཉེན་རྟོག་པར་བརྡ་བརྒྱབ་ཡོད་ཀྱང་ཉེན་རྟོག་པ་བསླེབས་དུས་འདས་གྲོངས་སུ་ཕྱིན་ཚར་ཡོད་འདུག

བྷོ་ཀུལ་གྱིས་མེར་སྲེག་གནང་རྗེས་འགྲམ་དུ་ནག་པོར་གྱུར་བའི་ཤེལ་དམ་ཞིག་གི་ནང་དུ་ཁ་ཆེམས་ཡི་གེ་ཞིག་བཞག་ཡོད་པ་དང་། དེའི་ནང་དུ་ངའི་མིང་ལ་ཌཱ་ཝེ་ཌི་བྷོ་ཀུལ་ཟེར་ཞིང་། ངས་ངོ་རྒོལ་གྱི་ཚུལ་དུ་རང་ལུས་མེར་སྲེག་བཏང་བ་ཡིན། འདི་རུ་འབག་བཙོག་བཟོས་པར་དགོངས་དག་ཞུ། ཞེས་བྲིས་བརྗོད་ཡོད་འདུག་ལ། རང་ལུས་མེར་སྲེག་གནང་ས་དེ་ནས་ཁོ་རང་གི་ངོ་སྤྲོད་ལག་འཁྱེར་ཞིག་ཀྱང་རྙེད་ཡོད་འདུག

ཡང་ལོགས་སུ་ཡིག་སྐོགས་ཤིག་གི་ནང་དུ་བཅུག་སྟེ་ཉེན་རྟོག་པར་བྲིས་པའི་ཁ་ཆེམས་ཡི་གེ་ཞིག་གི་ནང་དུ། ངས་རང་ཉིད་ཀྱི་ལུས་པོ་མེར་སྲེག་བཏང་བ་འདི་ང་ཚོས་གོ་ལ་ཧྲིལ་པོ་དུག་རླངས་ཀྱིས་སྲེག་གིན་ཡོད་པ་དང་གཅིག་མཚུངས་ཡིན་པས། ངས་སྔོན་ལ་ང་རང་མེར་བསྲེགས་ནས་འཆི་རུ་བཅུག་པ་དེས་ང་ཚོས་རང་ཉིད་ཇི་ལྟར་འཆི་ལམ་ལ་འདེད་ཀྱིན་པའི་གསལ་འདེབས་ཡིན། ཞེས་བརྗོད་ཡོད་འདུག

གཞན་ཡང་། ནེའུ་ཡོག་དུས་བབ་ཀྱི་གསར་འགྱུར་ནང་བརྗོད་པ་ལྟར་ན།  ད་དུང་ཁོང་གི་ཁ་ཆེམས་ཡི་གེའི་ནང་དུ། ཁོང་གིས་རང་ལུས་མེར་སྲེག་བཏང་པའི་བྱ་སྤྱོད་འདི་ནི་བོད་ཀྱི་གྲྭ་བཙུན་རྣམས་ཀྱིས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་མེར་སྲེག་གནང་བ་དང་འདྲ་མཚུངས་ཡིན་ལུགས་བརྗོད་ཡོད་འདུག

བྷོ་ཀུལ་ནི་ཕྱི་ལོ་ ༡༩༨༧ ལོར་ཀོར་ནལ་ཁྲིམས་ལུགས་སློབ་གྲར་(Cornell Law School)མཐར་ཕྱིན་པ་དང་། ཕྱིས་སུ་མཚན་མཐུན་གཉེན་སྒྲིག་དང་མཚན་བསྒྱུར་གཉེན་སྒྲིག་གི་ཐོབ་ཐང་སྐོར་ལ་ཁྲིམས་རྩོད་བྱས་ཡོད་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཆེད་ལས་འགུལ་འདྲ་མིན་སྤེལ་ཡོད་འདུག ཁོང་གི་གྲགས་ཆེ་པའི་ཁྲིམས་གཏུགས་ནི་ཕྱི་ལོ་ ༡༩༩༣ ལོར་བཙན་གཡེམ་བྱས་ཤིང་། མཐར་ལྐོག་གསོད་བཏང་པའི་མཚན་བསྒྱུར་བ་བི་རན་ཊོན་གྲེ་ན་(Brandon Teena)ཡི་གནད་དོན་ཡིན་པ་དང་། ཁོང་གི་མི་ཚེའི་ལོ་རྒྱུས་ཕྱི་ལོ་ ༡༩༩༩ ལོར་བཟོས་པའི་གློག་བརྙན་བུ་ཕྲུག་ཚོ་མ་ངུ་(Boys Don’t Cry)ཞེས་པར་རྒྱལ་སྤྱིའི་བྱ་དགའ་ཡང་མང་པོ་ཐོབ་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༤/༡༦

Leave a Reply

One thought on “ཁྲིམས་རྩོད་པ་གྲཊ་ཅན་ཞིག་གིས་རང་ལུས་མེར་བསྲེགས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    རླབས་ཆེན་བྱ་བ་སྒྲུབ་ལ་བསམ་རྒྱ་ཆུང་།
    རླབས་ཆེན་བྱ་བ་སྒྲུབ་པའི་ཐབས་ལམ་ནོར་།
    རླབས་ཆེན་བྱ་བས་རང་ཉིད་མེ་ནང་ཕྱོངས་།
    རླབས་ཆེན་བྱ་བ་སྒྲུབས་པའི་རེ་སྟོང་ལྷག་།