དྲག་པོའི་སྟོབས་ཤུགས་ཀྱིས་ཆོས་ལུགས་རྩ་མེད་བཟོ་མི་ཐུབ་པས་སེམས་ཁྲལ་གང་ཡང་མི་འདུག

༧གོང་ས་མཆོག་ནས་གཞི་རྩའི་བཟང་སྤྱོད་ཀྱི་རིན་ཐང་མཐོར་འདེགས་གཏོང་བར་འགྲོ་བ་མི་ཐེར་འབུམ་བདུན་ཙམ་མ་ཟད་གྲོག་འབུ་ཉ་དང་བཅས་པའི་དུད་འགྲོ་དང་འཇིག་རྟེན་གཞན་དུ་གནས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསམ་བློ་གཏོང་སྐོར་གསུངས།ཁ་སང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་གྱི་ཐོག་ཐེག་ཆེན་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གཙོའི་ཨི་ཤེ་ཡ་དང་དཀྱིལ་ཤར་ཡུལ་གྲུ ཨ་རི་དང་ཡུ་རོབ། ཨ་ཧྥི་རི་ཁ་བཅས་ཀྱི་ཡུལ་སྐོར་བ་ཁྱོན་ ༡༥༠༠ ཙམ་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མཇལ་ཁ་གནང་སྟེ་བཀའ་སློབ་ལམ་སྟོན་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་ཤེས་ཡོན་སློབ་གསོའི་ཐོག་ནས་རྒྱལ་ཁབ་དང་ཆོས་ལུགས་མི་འདྲ་བ་སོགས་དབྱེ་འབྱེད་ཀྱི་བསམ་བློ་སྐྲུན་བཞིན་ཡོད་པ་དེ་ཡག་པོ་མིན་སྐོར་གསུངས་འདུག

 དེ་ཡང༧གོང་ས་རྒྱལ་བ་རི་པོ་ཆེ་མཆོག་ནས་བཟང་སྤྱོད་གོང་སྤེལ་སྐོར་ལ་བཀའ་སློབ་གནང་སྐབས། འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པའི་ཁོངས་ནས་ངོས་རང་ཡང་འགྲོ་བ་མི་ཞིག་ཡིན། ང་ཚོས་སྲོག་ཆགས་གྲོག་འབུ་དང་ཉ་སོགས་གཙོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསམ་བློ་གཏོང་དགོས། དུད་འགྲོའི་རིགས་དང་འཇིག་རྟེན་གཞན་དང་གཞན་དུ་གནས་པའི་སེམས་ཅན་རྣམས་ཀྱི་དོན་དུ་ང་ཚོས་སྨོན་ལམ་རྒྱག་རྒྱུ་ཙམ་ལས་བྱ་ཐབས་དེ་ཙམ་མེད། ང་ཚོས་བྱེད་ཐུབ་པ་ནི་འཛམ་གླིང་འདིའི་སྟེང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ལ་ཕན་ཐོགས་བྱ་རྒྱུ་དེ་ཡིན།  ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་ཆ་ནས་ཚང་མར་བསམ་བློ་གཏོང་རྒྱུའི་ཀླད་པ་ཡོད་པ་གཅིག་མཚུངས་ཡིན།  སྐད་ཡིག་ཕན་ཚུན་ཕྲན་བུ་རེ་མི་འདྲ་ཡང་དེར་ཁྱད་པར་དེ་ཙམ་མེད། ང་ཚོར་མིའི་རྣམ་དཔྱོད་ཡོད་སྟབས་ཕན་ཚུན་འབྲེལ་བ་བྱེད་ཐུབ། ང་ཚོས་སྨོན་ལམ་རྒྱག་སྐབས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག ཅེས་སྨོན་ལམ་རྒྱག་གིན་ཡོད་ཀྱང་དོན་དངོས་ལག་ལེན་ཐོག་ནས་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་རྣམས་ཆགས་ཡོད།

ངོས་ལ་མཚོན་ན། དུས་རྟག་ཏུ་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པའི་ཁོངས་ནས་ངོས་རང་གཅིག་ཡིན་བསམ་པ་དྲན་བཞིན་ཡོད། ཕྱོགས་མཚུངས་སུ་ཁྱེད་ཚོའང་དེ་མཚུངས་ཆགས་ཡོད། ཚན་རིག་པ་ཁག་ཅིག་གིས་ཚོད་ལྟའི་ལམ་ནས་རྙེད་སོན་བྱུང་བ་ལྟར་ན།  གཞི་རྩའི་མིའི་ལྷན་སྐྱེས་ཀྱི་བསམ་བློ་ནི་བྱམས་བརྩེ་ལྡན་པ་ཞིག་རེད། ཅེས་བརྗོད་བཞིན་ཡོད། གལ་སྲིད་གཞི་རྩའི་མིའི་ལྷན་སྐྱེས་ཀྱི་བསམ་བློ་དེ་ཁོང་ཁྲོའི་རང་བཞིན་ཡིན་ན་ཕན་ཚུན་གསོད་རེས་དང་འཛིང་རེས་བྱས་ནས་སྡོད་རྒྱུ་མ་གཏོགས་གཞན་རེ་བ་རྒྱག་ས་གང་ཡང་ལྷག་མེད།  འོན་ཀྱང་ད་ཆ་ཚན་རིག་པ་ཚོས་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་སྤྲོད་གསལ་པོ་ཆགས་པར་བརྟེན་རེ་བ་རྒྱག་ས་ཞིག་ཡོད། ལྷག་པར་དུ་སྨན་གྱི་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་ཁོང་ཁྲོ་ཡང་ཡང་ཟ་བ་དེས་ལུས་པོའི་ཟུངས་ཤུགས་ཉམས་རྒྱུ་དང་། དེ་ལས་ལྡོག་སྟེ་བྱམས་བརྩེའི་བློ་སྐྱེ་བ་ཡིན་ན། ལུས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཡོད་པ་ར་འཕྲོད་བྱུང་ཡོད། དེར་བརྟེན་ད་ཆ་ང་ཚོས་མིའི་རྣམ་དཔྱོད་ལ་བརྟེན་ནས་རིན་ཐང་དེ་གོང་མཐོར་གཏོང་དགོས།  བྱིས་པ་ཆུང་ཆུང་ལ་མཚོན་ན་བྱིས་པ་ཕན་ཚུན་རྩེད་རོགས་བྱུང་ན་རྒྱལ་ཁབ་དང་ཆོས་དད་སོགས་ཀྱི་ཁྱད་པར་གང་ཡང་མེད་པར་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་རྩེད་འཇོ་ལ་རོལ་གྱིན་ཡོད།  འོན་ཀྱང་རིམ་བཞིན་ཤེས་ཡོན་སློབ་གསོའི་ཐོག་ནས་རྒྱལ་ཁབ་དང་ཆོས་ལུགས་མི་འདྲ་བ་སོགས་དབྱེ་འབྱེད་ཀྱི་བསམ་བློ་སྐྲུན་བཞིན་ཡོད། རྒྱལ་ཁབ་དང་ཆོས་ལུགས་གཅིག་གྱུར་ནང་ཁུལ་ལའང་དབུལ་ཕྱུག་སོགས་ཀྱི་དབྱེ་འབྱེད་བྱེད་བཞིན་ཡོད།  ཅེས་གསུངས་འདུག

རྒྱ་གར་ནང་གི་རིགས་རུས་མཐོ་དམན་གྱི་དབྱེ་འབྱེད་དེ་ཡུལ་འདིའི་ཞན་ཆ་ཞིག་ཡིན་སྐོར་ལ་ཁོང་གིས། རྒྱ་གར་ནང་ལ་རིགས་མཆོག་དམན་གྱི་དབྱེ་འབྱེད་བྱ་རྒྱུའི་ལམ་སྲོལ་དེ་ཧ་ཅང་ཐབས་སྡུག་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་རིགས་རུས་དབྱེ་འབྱེད་ལ་འགག་བྱ་ཤུགས་ཆེན་མཛད་ཡོད། རྒྱ་གར་གཞུང་གི་རྩ་ཁྲིམས་ནང་དུའང་རིགས་མཆོག་དམན་གྱི་དབྱེ་བ་མེད་པར་ཚང་མར་ཐོབ་ཐང་འདྲ་མཉམ་གནང་ཡོད། དེར་བརྟེན་རིགས་ཀྱི་དབྱེ་འབྱེད་བྱ་རྒྱུའི་བསམ་བློ་རྙིང་པ་དེ་ཡུལ་འདིའི་ཞན་ཆ་ཞིག་རེད་འདུག ངོས་ནས་དུས་རྒྱུན་རྒྱ་གར་གྱི་སྤྱི་ཚོགས་དཔལ་ཡོན་ལ་ཧ་ཅང་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་འཕེལ་རིམ་བཤད་སྐབས་རྒྱ་གར་རོང་གཤོང་དུ་ཆགས་པའི་སྤྱི་ཚོགས་དཔལ་ཡོན་ (Indus Valley Civilization) དེ་ཤེས་པའི་རྣམ་གཞག་སྐོར་གྱི་སློབ་སྦྱོང་ཚད་མཐོ་ཤོས་སོན་ཡོད་པ་མ་ཟད། རྒྱ་གར་གནའ་རབས་ཀྱི་བློའི་རྣམ་གཞག་དང་བྱེད་ལས། དེ་བཞིན་སེམས་ཁམས་རིག་པའི་འགྲོ་སྟངས་དེ་དག་དེང་སྐབས་འཛམ་གླིང་སྤྱི་ཚོགས་ནང་ཧ་ཅང་དགོས་མཁོ་ལྡན་པ་ཞིག་ཀྱང་ཆགས་ཡོད།  ཅེས་གསུངས་འདུགཡང་ཁོང་གིས་བོད་དོན་སྐོར་ལ་བཀའ་སློབ་གནང་སྐབས། རྒྱ་ནག་དམར་ཤོག་ཚོགས་པའི་མཁྲེགས་འཛིན་དང་གུ་དོགས་ཅན་གྱི་་མགོ་འཁྲིད་དེ་ཚོས་འདས་པའི་ལོ་ངོ་ ༦༠ ཙམ་རིང་བོད་མི་ཚོར་འཇམ་རྩུབ་སྣ་ཚོགས་འོག་བློ་ཁ་བསྒྱུར་ཐབས་བྱས་ཡོད་ཀྱང་བོད་མི་རྣམས་ཀྱི་བློ་ཁ་ལ་འགྱུར་བ་གཏོང་ཐུབ་མེད་པ་མ་ཟད།  དད་པ་དམ་ཚིག་ཧ་ལས་པ་ཡག་པོ་ཡོད་པ་རེད། ལོ་ཤས་གོང་ངོས་ལ་བོད་ནས་ཡི་གེ་ཞིག་འབྱོར་བྱུང་བ་དེའི་ནང་དུ། ད་ལྟ་རྒྱ་ནག་གིས་བོད་མིའི་ཐོག་ཆབ་སྲིད་ཀྱི་དབང་སྒྱུར་བྱེད་བཞིན་ཡོད་ཀྱང་། མ་འོངས་པར་བོད་མི་ཚོས་ནང་ཆོས་ཐོག་ནས་རྒྱ་ནག་ལ་ཕར་དབང་སྒྱུར་བྱེད་ཀྱི་རེད། ཅེས་བྲིས་འདུག དུས་རབས་ ༧ པ་ནས་བཟུང་རྒྱ་དང་བོད་ཁྱིམ་མཚེས་བྱས་ནས་འཆམ་མཐུན་ངང་གནས་པ་རེད། རྒྱ་ནག་སྲོལ་རྒྱུན་ཐོག་ནས་ནང་པའི་རྒྱལ་ཁབ་ཅིག་རེད། ཕྱི་ལོ་ ༡༩༥༤།༥༥ ལོར་ངོས་རང་རྒྱ་ནག་ཏུ་ཕྱིན་པ་རེད། སྐབས་དེར་མའོ་ཀྲུ་ཞི་སར་ནས་གནས་ཚུལ་མང་པོ་ཤེས་བྱུང་།  དེ་བཞིན་རྒྱ་ནག་དམར་ཤོག་མགོ་འཁྲིད་གཞན་ནས་མག་ཁེ་སི་རིང་ལུགས་(Marxism) སྐོར་ཤེས་རྟོགས་བྱུང་།  སྐབས་དེར་མག་ཁེ་སི་རིང་ལུགས་ཀྱིས་ངོས་རང་ཧ་ཅང་ཡིད་དབང་འཕྲོག་པར་བརྟེན།  ངོས་རང་ཉིད་ཀྱང་དམར་ཤོག་ཚོགས་མིའི་ཁོངས་སུ་འཛུལ་རྒྱུ་ཡིན་ཞེས་མའོ་ལ་ཞུས་པ་ཡིན། སྤྱི་ཚོགས་དང་དཔལ་འབྱོར་ལམ་ལུགས་ཐོག་ནས་བརྗོད་ན་ངོས་ཀྱི་བསམ་ཚུལ་དེ་མ་ཁེ་སི་རིང་ལུགས་ཡིན། འོན་ཀྱང་ངོས་ནས་ལེ་ལེན་རིང་ལུགས་ Leninism ལ་མཐའ་གཅིག་ཏུ་དགག་པ་བྱེད་བཞིན་ཡོད།  རྒྱ་ནག་དམར་ཤོག་རིང་ལུགས་ཀྱང་དོན་དམ་མ་ཁེ་སི་རིང་ལུགས་ཐོག་ཕྱིན་པ་ཡིན་ན། ད་ལྟའི་དབུལ་ཕྱུག་བར་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་དེ་འདྲ་ཡོང་ཐབས་རྩ་བ་ནས་མེད། ད་ལྟའི་རྒྱ་ནག་འདི་ལོ་ངོ་ ༤༠ གོང་དང་བསྡུར་བ་ཡིན་ན་འགྱུར་བ་ཧ་ཅང་ཕྱིན་ཡོད། རིག་གནས་གསར་བརྗེ་དང་དེའི་གོང་ཙམ་ལ་མཚོན་ན་ནང་ཆོས་གཙོ་བོར་གྱུར་བའི་ཆོས་ལུགས་གཞན་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད།  འོན་ཀྱང་རིག་གནས་གསར་བརྗེ་རྗེས་སུ་ལོ་ངོ་སྟོང་ཕྲག་རིང་དར་སྲོལ་ཡོད་པའི་ཆོས་ལུགས་དེ་དག་ཧ་ཅང་མྱུར་པོའི་ཐོག་ནས་སླར་གསོ་ཐུབ་པ་བྱུང་ཡོད།  གུང་ཁྲན་ཏང་ཡོན་ཁྲོད་དུའང་མང་པོ་ཞིག་ནང་ཆོས་ལ་དད་པ་ཡོད། ཆོས་ནི་མིའི་སེམས་ཁམས་དང་འབྲེལ་འདྲིས་ཀྱིས་མི་རབས་མང་པོ་བརྒྱུད་པ་ཞིག་ཡིན་སྟབས། དྲག་པོའི་སྟོབས་ཤུགས་ཐོག་ནས་རྩ་མེད་བཟོ་རྒྱུ་ཟེར་བ་ནི་ཡོང་མི་ཐུབ། དེར་བརྟེན་རྒྱ་ནག་ཐོག་ནས་ངོས་ལ་སེམས་ཁྲལ་བྱེད་དགོས་པ་གང་ཡང་མི་འདུག བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད།

དེར་བརྟེན་འབྱུང་འགྱུར་ལོ་ཤས་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་ངེས་རེད། ང་ཚོས་ཆབ་སྲིད་ཐོག་ནས་རང་བཙན་རྩོད་ཀྱི་མེད། ཕྱི་ལོ་ ༡༩༧༤ ཙམ་ནས་ང་ཚོས་རྒྱ་ནག་དང་ཁ་བྲལ་གྱིས་རང་བཙན་རྩོད་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད། རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ལ་དམིགས་བསལ་ཐོབ་ཐང་ཡོད་སྐོར་འཁོད་པ་ལྟར། བོད་རིགས་གནས་སྡོད་ཀྱི་ས་ཁུལ་མང་པོ་ཞིག་ལ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་ངོས་འཛིན་ཡང་བྱས་ཡོད།  བོད་རང་སྐྱོང་ལྗོངས་དང་། རང་སྐྱོང་རྫོང་དང་ཁུལ།  རང་སྐྱོང་གི་ཞིང་ཆེན་བཅས་མིང་དོན་མཚུངས་པ་ཞིག་གི་འོག་བོད་མི་རྣམས་ལ་རང་གི་ཆོས་དང་ལེགས་བྱང་། སྐད་ཡིག་སོགས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུའི་ཐོབ་ཐང་ཚད་ལྡན་ཞིག་རྩ་ཁྲིམས་ནང་གསལ་ལྟར་སྤྲད་པ་ཡིན་ན། ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་སྡོད་རྒྱུ་ཡིན།  ཞེས་སོགས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་སྐལ་བཟང་སྤྱིན་པས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༨/༠༤/༡༧

Leave a Reply