དྲ་རྒྱ་བཀག་སྡོམ་ལ་མི་མང་གིས་ངོ་རྒོལ་བྱས།

རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ཝེ་པོ་གཙང་བཤེར་བྱེད་པར་ཁ་གཡར་ཏེ་མཚན་མཐུན་དགའ་རོགས་དང་འབྲེལ་བའི་པར་རིས་བརྙན་ཐུང་སོགས་བཀག་སྡོམ་བྱས་པར་བརྟེན་མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ཆེ་ཤོས་ཝེ་པོ་དྲ་བའི་མཚན་མཐུན་དགའ་རོགས་དང་འབྲེལ་བའི་གནས་ཚུལ་དང་པར་རིས་བརྙན་སོགས་བཀག་འགོག་བྱས་པར་བརྟེན། རྒྱ་ནག་ནང་གི་སྤྱི་ཚོགས་དྲ་གནས་བེད་སྤྱོད་པ་སྟོང་ཕྲག་མང་པོས་དྲ་ལམ་དུ་མཚན་མཐུན་ཕོ་མོའི་པར་རིས་དང་། ང་མཚན་མཐུན་དགའ་རོགས་སྒྲིག་མཁན་ཡིན་ཞེས་པ་སོགས་བྲིས་ནས་ངོ་རྒོལ་བྱེད་ཀྱི་ཡོད་འདུག

ཉེ་སྔོན་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་རྒྱ་ཁག་གཙང་སེལ་བྱེད་དགོས་སྐོར་བརྗོད་དེ། ཟླ་འདིའི་ཕྱི་ཚེས་༡༢ ཉིན་ཝེ་པོ་སྤྱི་ཚོགས་དྲ་རྒྱ་དོ་དམ་ཁང་ནས་ཟླ་གསུམ་ནང་ཝེ་པོ་སྤྱི་ཚོགས་དྲ་རྒྱ་གཙང་སེལ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་དང་། གཙང་སེལ་གྱི་དམིགས་ཡུལ་གཙོ་བོ་ནི་ཆགས་སྤྱོད་རིགས་དང་དྲག་སྤྱོད། མཚན་མཐུན་ཆགས་སྤྱོད་སོགས་དང་འབྲེལ་བའི་པར་རིས་དང་ཡི་གེ། དྲ་བརྙན། དེ་བཞིན་འགུལ་རིས་སོགས་ཡིན་ལ། དེ་ནི་དྲ་བའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་དྲ་རྒྱའི་ཁོར་ཡུག་ཁམས་གཙང་ཡོང་ཆེད་ཡིན་སྐོར་བསྒྲགས་ཡོད་པ་རེད།

གསལ་བསྒྲགས་དེ་བཏང་རྗེས་དྲ་ལམ་དུ་ངོ་རྒོལ་བྱེད་མཁན་དང་མཚན་མཐུན་པར་རིས་སྤེལ་མཁན། དེ་བཞིན་ཝེ་པོ་སྤྱི་ཚོགས་དྲ་བར་འཕྲིན་ཡིག་བཏང་ནས་རེ་ཞུ་བྱེད་མཁན་དང་སྡུག་དམོད་བྱེད་མཁན་སོགས་ཤུགས་ཆེན་བྱུང་སྟབས། ཁ་སང་ནས་ཝེ་པོ་སྤྱི་ཚོགས་དྲ་རྒྱས་འཕྲིན་ཡིག་གཏོང་མཁན་ཚོར་ང་ཚོས་གཙང་སེལ་གྱི་ལས་འགུལ་དེ་མཚན་མཐུན་རིགས་ལ་དམིགས་གཏད་པ་མ་ཡིན་པར་འཁྲུག་སྤྱོད་དང་དྲག་སྤྱོད་གནས་ཚུལ་དང་འབྲེལ་བའི་བརྙན་ཐུང་སྤེལ་མཁན་རིགས་ལ་དམིགས་གཏད་ཡོད་ཅེས་ལན་འདེབས་བྱས་འདུག

གནས་ཚུལ་དེ་དང་འབྲེལ་ནས་རྒྱ་ནག་གི་མཚན་མཐུན་ཁེ་དབང་སྲུང་སྐྱོབ་ལས་འགུལ་བ་པུ་ཁྲིན་མྰེ་(Pu Chunmei) ཞེས་པ་ཞིག་གིས། ཝེ་པོ་སྤྱི་ཚོགས་དྲ་རྒྱའི་སྟེང་མོའི་བུ་མཚན་མཐུན་གཉེན་སྒྲིག་བྱེད་མཁན་ཡིན་སྐོར་བརྗོད་དེ་ཁོང་མ་བུ་གཉིས་ཀྱི་པར་སྤྱི་ཚོགས་དྲ་ལམ་དུ་སྤེལ་ཡོད་པ་དང་། མ་བུ་གཉིས་རྒྱ་མི་རིགས་སུ་གྱུར་བར་དགའ་སྤོབས་ཡོད་ན་ཡང། འདི་ལྟ་བུའི་དབྱེ་འབྱེད་རིགས་ལ་གཏན་ནས་གུ་ཡངས་བྱེད་ཐབས་མེད་སྐོར་བརྗོད་འདུག

རྒྱ་ནག་ནན་ཅིན་སོགས་སུ་ན་གཞོན་མང་པོས་རྒྱུག་རྩལ་འགྲན་སྡུར་སྐབས་ལག་ཏུ་མཚན་མཐུན་དར་ཆ་ཁུར་ནས་ངོ་རྒོལ་བྱས་ཡོད་པ་དང་། དེ་བཞིན་གྱོན་ཆས་ངོས་སུ་ང་ནི་མཚན་མཐུན་པ་ཞིག་ཡིན། ཁྱེད་ཀྱིས་ང་ལ་འཐམ་འཁྱུད་བྱས་ན་འགྲིག་གམ་ཞེས་པ་སོགས་ཀྱི་ཡི་གེ་བྲིས་ཡོད་འདུག

རྒྱ་ནག་གཞུང་གིས་མཚན་མཐུན་རིགས་ཀྱི་པར་རིས་བརྙན་ཐུང་བཀག་སྡོམ་བྱས་པ་ད་ལན་ཐེངས་དང་པོ་མ་ཡིན་པར་དེ་སྔོན་ནས་མཚན་མཐུན་དགའ་རོགས་དང་མཚན་མཐུན་གཉེན་སྒྲིག་རིགས་སྤྱི་ཚོགས་ཁྲོད་མངོན་གསལ་གྱིས་བྱེད་མི་ཆོག་པ། མཚན་མཐུན་དང་འབྲེལ་བའི་གློག་བརྙན་སོགས་སྟོན་མི་ཆོག་པ་བྱས་ཡོད་ཀྱང་། རྒྱ་ནག་ནང་དུ་མཚན་མཐུན་དགའ་རོགས་དང་གཉེན་སྒྲིག་བྱེད་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མཚན་མཐུན་རིགས་ལ་བཀག་འགོག་བྱས་པ་དང་བསྟུན་ངོ་རྒོལ་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་ཁག་ལ་ཡང་དང་བསྐྱར་དུ་ཞིབ་བཤེར་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། མི་མང་གིས་སྐྱོན་བརྗོད་དང་ངོ་རྒོལ་བསྟུད་མར་བྱེད་ཀྱི་ཡོད་པ་རེད། ཉེ་སྔོན་རྒྱ་ནག་ནང་ཆེས་བེད་སྤྱོད་མཁན་མང་བའི་ཁ་མཚར་བཤད་སའི་གཉེས་ཆས་(Toutiao)ཞེས་པར་གཙང་བཤེར་བཀག་སྡོམ་བྱས་པར་བརྟེན། རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ཏུ་ན་གཞོན་སྟོང་ཕྲག་མང་པོས་སྲང་ལམ་དུ་རླངས་འཁོར་བཏང་ནས་དུང་སྒྲ་བརྒྱབ་སྟེ་ངོ་རྒོལ་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༡༧

Leave a Reply