རྒྱ་ནག་ལ་གནོད་པའི་གསང་བ་སྤྲོད་མཁན་ཚོར་བྱ་དགའ་ཡོད།

རྒྱ་ནག་བདེ་འཇགས་ལྷན་ཁང་གིས་དབྱིན་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ཡོད་པའི་དྲ་རྒྱ་གསར་པ་ཞིག་སྒོ་འབྱེད་བྱས་ཏེ་རྒྱ་ནག་གཞུང་ལ་གནོད་པའི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཚོར་བྱ་དགའ་སྤྲོད་རྒྱུ་ཡིན་པ་བསྒྲགས་འདུགཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་བདེ་འཇགས་ལྷན་ཁང་གིས་དབྱིན་ཡིག་དང་རྒྱ་ཡིག་ནང་ཡོད་པའི་དྲ་རྒྱ་གསར་པ་(www.12339.gov.cn)་ཟེར་བ་ཞིག་སྒོ་འབྱེད་བྱས་ཏེ། ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོ་ལོག་གིས་ཁ་བྲལ་ལས་འགུལ་སྤེལ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བསྐྲུན་པ། དེ་བཞིན་གསང་བའི་ལམ་ནས་རྒྱ་ནག་གི་མཐོ་རིམ་མི་སྣར་ལྐོག་རྔན་བརྫངས་ཏེ་གྱེས་ལོག་སོགས་རྒྱ་ནག་ལ་གནོད་སྐྱོན་བཟོ་འདོད་ཀྱི་གསང་བའི་གནས་ཚུལ་གང་ཤེས་རྣམས་གཞུང་ལ་རྩིས་སྤྲོད་བྱས་ཚེ་བྱ་དགའ་སྤྲོད་རྒྱུ་ཡིན་ཚུལ་བསྒྲགས་ཡོད་པ་རེད།

དྲ་རྒྱ་གསར་པ་དེའི་ངོས་སུ་གསང་བ་རྩིས་སྤྲོད་བྱས་ན་བྱ་དགའ་དངུལ་ག་ཚོད་སྤྲོད་ཀྱི་ཡོད་པ་གསལ་པོ་མེད་ཀྱང་། ན་ནིང་རྒྱ་ནག་གཞུང་འབྲེལ་པེ་ཅིན་ཉིན་རེའི་ཚགས་པར་སྟེང་། པེ་ཅིན་གྲོང་ཁྱེར་བདེ་འཇགས་ལྷན་ཁང་གིས་རྒྱ་ནག་ལ་གནོད་སྐྱོན་བཟོ་རྩིས་ཀྱི་གསང་བ་རྩིས་སྤྲོད་བྱས་ཚེ། བྱ་དགའ་རྒྱ་སྒོར་ ༡༠༠༠༠ ནས་ ༥༠༠༠༠༠ བར་སྤྲོད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

དྲ་རྒྱ་གསར་པ་དེ་བེད་སྤྱོད་གཏོང་མཁན་ཚོས་དབྱིན་ཡིག་དང་རྒྱ་ཡིག་བཅས་སྐད་ཡིག་གཉིས་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་གསང་བརྩིས་སྤྲོད་བྱ་ཆོག་གི་ཡོད་པ་དང་། ད་དུང་དྲ་ངོས་སུ་ཟུར་ཟའི་འགུལ་རིས་ཤིག་བཟོས་ཡོད་པ་དེའི་ནང་། ཕྱི་རྒྱལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཞིག་གིས་རྒྱ་ནག་ནང་ནུབ་ཕྱོགས་པའི་དམངས་གཙོའི་ལམ་ལུགས་ཇི་བཞིན་ཐོབ་ཐང་དགོས་པ་ཁྱབ་སྤེལ་བྱེད་ཀྱིན་པ་བསྟན་ཡོད་པ་མ་ཟད། ཚོགས་པ་དེས་རྒྱ་ནག་གི་སྐུ་ཚབ་མི་སྣ་ཞིག་ལ་ལྐོག་རྔན་སྤྲད་དེ་མི་མང་བསྡུ་སྐོང་གིས་ཐོབ་ཐང་ཆེད་ངོ་རྒོལ་ལས་འགུལ་སྤེལ་གྱིན་ཡོད་པ་སོགས་བརྗོད་ཡོད་འདུག

ཕྱི་ལོ་༢༠༡༦ ལོར་རྒྱ་ནག་བདེ་འཇགས་ལྷན་ཁང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་ཤོར་སྲིད་པའི་དོགས་གཞིའི་འོག་ཟུར་ཟའི་འགུལ་རིས་ཤིག་བཟོས་ཡོད་པ་དེའི་ནང་། རྒྱ་རིགས་དང་ཕྱི་རྒྱལ་མི་སེར་བར་མཛའ་བརྩེའི་འབྲེལ་ལམ་སོགས་འཛིན་པར་ཉེན་བརྡ་བཏང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༡༧

Leave a Reply

One thought on “རྒྱ་ནག་ལ་གནོད་པའི་གསང་བ་སྤྲོད་མཁན་ཚོར་བྱ་དགའ་ཡོད།

  1. གཞུང་པ་ཚེ་དབང་བསོད་ནམས་།

    རྒྱལ་ཁབ་དང་སྲིད་གཞུང་ག་འདྲ་ཞིག་ཡིན་ཀྱང་སོ་སོའི་རྒྱལ་ཁབ་ལ་གནོད་པའི་ལས་རིགས་སྤེལ་མཁན་གྱི་གནས་ཚུལ་གསང་སྙན་གཞུང་ལ་ཕུལ་མཁན་ཚོར་བྱ་དགའ་འམ་གླ་ལྟོ་གནང་དགོས་པ་དེ་སྲིད་གཞུང་ཚང་མའི་སྤྱི་སྲོལ་ཞིག་ཡིན་པ་ལས་དེ་ལ་ཧང་སང་དགོས་པའི་གནད་དོན་གང་ཡང་མཐོང་གི་མི་འདུག་