པོ་ལེ་ཛར་གཟེངས་རྟགས་ ༢༡ སྤྲོད་རྒྱུ་རེད།

འདི་ལོའི་རྒྱལ་སྤྱིའི་སྤྱི་ཚོགས་ཞབས་ཞུའི་གསར་འགོད་གཟེངས་རྟགས་དེ་ཨ་རིའི་ཉེའུ་ཡོག་དུས་བབ་དང་ཉེའུ་ཡོག་དུས་དེབ་གཉིས་ལ་སྤྲོད་གཏན་འཁེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨ་རིའི་པོ་ལེ་ཛར་གཟེངས་རྟགས་ཚོགས་ཆུང་(Pulitzer Prize Board )གིས། འདི་ལོའི་པོ་ལེ་ཛར་གཟེངས་རྟགས་ཐོབ་མཁན་ལས་རིགས་མི་འདྲ་བའི་མི་སྣ་དང་གསར་ཁང་། དུས་དེབ། གླུ་གཞས། རྩོམ་རིག དེ་བཞིན་སྤྱི་ཚོགས་དྲ་རྒྱ་དང་འགུལ་རིས་གློག་བརྙན་སོགས་ཁྱོན་གཟེངས་རྟགས་རྣམ་གྲངས་མི་འདྲ་བ་ ༢༡ སྤྲོད་གཏན་འཁེལ་བ་ཁྱབ་བསྒྲགས་བྱས་ཡོད་པ་དང་། གཟེངས་རྟགས་དེ་ཐོབ་མཁན་ཚོར་ཕྱག་འཁྱེར་དང་ཨ་སྒོར་ ༡༥༠༠༠ རེ་དང་། གསར་འགོད་ལས་རིགས་ནང་བྱ་དགའ་ཐོབ་མཁན་རྣམས་ལ་གསེར་གྱི་རྟགས་མ་ཞིག་ཀྱང་ཡོད་འདུག

ཨ་རིའི་ཉེའུ་ཡོག་དུས་བབ་དང་ཉེའུ་ཡོག་དུས་དེབ་གཉིས་ལ་འདི་ལོའི་རྒྱལ་སྤྱིའི་སྤྱི་ཚོགས་ཞབས་ཞུའི་གསར་འགོད་གཟེངས་རྟགས་ཐོབ་ཡོད་པ་དང་། གསར་ཁང་དེ་གཉིས་ཀྱིས་སྤྱི་ཚོགས་ཁྲོད་དབང་ཤེད་ཅན་དང་འབྱོར་ལྡན་པ་ཚོས་བུད་མེད་ཚོར་བཙན་དབང་གིས་ཆགས་སྤྱོད་བྱས་པའི་སྐོར་གྱི་གནས་ཚུལ་བཏོན་པ་དང་དང་།  བུད་མེད་མང་པོས་རང་ཉིད་ཀྱི་དཀའ་ངལ་དག་གསར་ཁང་དེ་གཉིས་བརྒྱུད་ཕྱིར་བསྒྲགས་བྱས་ཏེ་གནད་དོན་སེལ་ཐུབ་ཡོད་པས་ཡིན་འདུག

པོ་ལེ་ཛར་གཟེངས་རྟགས་ཚོགས་ཆུང་གི་འགན་འཛིན་ཌ་ན་ཁད་ནེ་ཊེ་(Dana Canedy)ལགས་ཀྱིས། ཕྱི་ལོ་ ༢༠༡༧ ལོའི་ནང་ང་ཡང་གཅིག་མཚུངས་ཡིན(#MeToo)ཞེས་པའི་ལས་འགུལ་ནང་བུད་མེད་སྟོང་ཕྲག་མང་པོས་རང་ཉིད་ལ་བརྙས་བཅོས་དང་བཙན་གཡེམ་བྱས་པའི་སྐོར་སྐད་ཡིག་འདྲ་མིན་བརྒྱུད་སྤྱི་ཚོགས་དྲ་ལམ་དུ་བརྗོད་ཡོད་པ་དང་། སྐབས་དེར་ཉེའུ་ཡོག་དུས་བབ་དང་དུས་དེབ་གཉིས་བརྒྱུད་རྒྱལ་སྤྱིའི་གྲགས་ཆེ་བའི་ཧོ་ལེ་ཝོ་ཊིའི་(Hollywood)སྒྱུལ་རྩལ་བ་མང་པོས་ཀྱང་རང་ཉིད་ཀྱིས་མྱངས་བའི་བརྙས་བཅོས་ཁག་ཕྱིར་བསྒྲགས་ཡོད་པ་དང་། གློག་བརྙན་བཟོ་སྐྲུན་པ་ཧར་ཝེ་ཝིན་སི་ཊིན་(Harvey Weinstein)གྱིས་བུད་མེད་ ༡༠༠ ཙམ་ལ་བཙན་གཡེམ་དང་བརྙས་བཅོས་བྱས་པ་གསར་ཁང་དེ་གཉིས་བརྒྱུད་ཤེས་རྟོགས་བྱུང་སྐོར་བརྗོད་འདུག

དེ་བཞིན་ཝ་ཤིན་ཊོན་གསར་ཁང་(The Washington Post )་དང་ཉེའུ་ཡོག་དུས་བབ་གཉིས་ལ་རྒྱལ་ནང་གསར་འགོད་ཀྱི་གཟེངས་རྟགས་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་ཨུ་རུ་སུ་གཞུང་གིས་འོས་བསྡུའི་ནང་ཐེ་གཏོགས་བྱས་ཡོད་པའི་གསང་བ་ཕྱིར་བསྒྲགས་པ་དང་། ཨུ་རུ་སུ་གཞུང་གིས་ལྕམ་ཁི་ལེན་ཊོན་གྱི་གློག་འཕྲིན་གསང་རྒྱ་གཏོར་ནས་ཕྱི་འབྲེལ་གསང་བ་ཕྱིར་བསྒྲགས་ཏེ། མོའི་རྒྱབ་སྐྱོར་བ་རྣམས་ལ་ཡིད་ཆེས་བརླག་ཏུ་བཅུག་སྟེ་ཊོམ་ཕུ་ལགས་ལ་རྒྱལ་ཁ་ཐོབ་པར་འབད་བརྩོན་བྱས་ཡོད་པ་གསར་ཁང་དེ་གཉིས་བརྒྱུད་ཤེས་རྟོགས་བྱུང་ཡོད་སྟབས། འདི་ལོའི་རྒྱལ་ནང་གསར་འགོད་ཀྱི་གཟེངས་རྟགས་སྤྲད་པ་ཡིན་འདུག

གཞན་ཡང་། དབྱིན་ཇིའི་རོའུ་ཊར་(Reuters)གསར་ཁང་ལ་ཁྱད་འཕགས་གསར་འགྱུར་པར་རིས་ཀྱི་བྱ་དགའ་སྤྲད་ཡོད་པ་དང་། གསར་ཁང་དེས་འབར་མའི་རོ་ཧིན་གྷ་ཡ་(Rohingya) ཁ་ཆེ་བ་ཚོར་འབར་མ་སྲིད་གཞུང་དང་ནང་པ་ཚོས་བཙན་གནོན་བྱེད་བཞིན་པ་དང་། བྷང་ལ་དེ་ཤི་ནང་སྐྱབས་བཅོལ་དུ་འགྲོ་བཞིན་པ་སོགས་པར་རིས་ལམ་ནས་འཛམ་གླིང་ལ་གསལ་སྟོན་བྱས་པས་ཡིན་འདུག

པོ་ལེ་ཛར་གཟེངས་རྟགས་ནི་ཕྱི་ལོ་ ༡༩༡༧ ལོ་ནས་ཨ་རིའི་ཚགས་པར་པར་འགྲེམས་བྱེད་པོ་ཇའོ་སེ་ཧྥི་པོ་ལེ་ཛར་(Joseph Pulitzer)ལགས་ཀྱི་འདོད་མོས་ལྟར། ཀོ་ལོམ་བྷེ་ཡ་སློབ་ཆེན་གྱི་གོ་སྒྲིག་འོག་ཨ་རིའི་ནང་ཚགས་པར་དང་དུས་དེབ། དྲ་ཐོག་གསར་འགྱུར། རྩོམ་རིག་དང་གླུ་གཞས་བརྩམས་ཆོས་བཅས་ཀྱི་ཐོག་རླབས་ཆེན་གྱི་ནུས་པ་འདོན་མཁན་རྣམས་ལ་འབུལ་གྱིན་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༤/༡༧

Leave a Reply