གྲྭ་པ་གཉིས་འཛིན་བཟུང་བྱས།

རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་བརྗོད་གཞི་སྐུར་མི་ཆོག་པ་དང་། ཧོང་ཀོང་དང་ཨའོ་མན། ཐའེ་ཝན་གྱི་འབྲེལ་ཡོད་གསར་འགྱུར་གཞུང་ཕྱོགས་ཀྱི་དྲ་བར་ཁྱབ་བསྒྲགས་མ་བྱས་གོང་སྐུར་མི་ཆོག་པ་སོགས་དྲ་ལམ་དུ་གཏོང་མི་ཆོག་པའི་དོན་གནད་བརྒྱད་གཏན་འབེབ་ཕྱིར་བསྒྲགས་བྱས་འདུག

མཚོ་སྔོན་འབའ་རྫོང་གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་གྲྭ་འོད་ཆུང་རྒྱ་མཚོ་དང་། དགེ་འདུན་པ་གཞན་ཞིག་ནས་སྒེར་གྱི་སྐད་འཕྲིན་རྒྱབ་ལྗོངས་སུ་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་པར་རིས་དང་རྩོམ་ཡིག་སྤེལ་བའི་ཉེས་མིང་འོག ཟླ་འདིའི་ཕྱི་ཚེས་༡༦ ཉིན་འབའ་རྫོང་ཉེན་རྟོག་ཁང་གིས་ཁོང་གཉིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཕྱིས་སུ་དགེ་འདུན་པ་གཅིག་ཀློད་གྲོལ་བཏང་ཡོད་ཀྱང་། དགེ་འདུན་པ་འོད་ཆུང་རྒྱ་མཚོ་ལགས་ད་དུང་བཀག་ཉར་འོག་ཡོད་འདུག

འདི་གའི་གསར་འགོད་པར་བོད་ཀྱི་འགྲོ་མིའི་ཐོང་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་འཇུག་པ་ཞིག་གིས། གྲྭ་པ་གཉིས་འཛིན་བཟུང་བྱས་པའི་གནས་ཚུལ་འདི་བོད་ནང་དུ་ཡོད་པའི་མི་ཞིག་གིས་མཁོ་སྤྲོད་གནང་སྟེ། ད་ལྟའི་ཆར་དགེ་འདུན་པ་གཞན་དེའི་མིང་གསལ་པོ་མེད་ཀྱང་གནས་ཚུལ་ཁུངས་ལྡན་རེད་ལབ་སོང་། ཞེས་བརྗོད་བྱུང་།

བོད་ཀྱི་འགྲོ་མིའི་ཐོང་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ད་ལྟ་བཀག་ཉར་བྱས་པའི་གྲྭ་འོད་ཆུང་རྒྱ་མཚོ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སོག་རྫོང་གཙང་ཨ་རིག་ཉི་མཐའ་ཡུལ་ཚོ་བདེ་ལྡན་སྡེ་བ་ནས་ཡིན་ཞིང་། གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་གྲྭ་བ་ཡིན་འདུག ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་སྐབས་སུ། གཙང་དགོན་པའི་དགེ་འདུན་པ་༥༠༠ ལྷག་གིས་དགོན་པའི་ཁང་ཐོག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཁྱེར་ནས་ཞི་རྒོལ་གནང་བར་བརྟེན། ཕྱི་ལོ་ ༢༠༠༨ ཟླ་ ༣ པའི་ནང་གཙང་དགོན་གྱི་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ལ་མི་ལོ་༡༠ ཡི་དུས་བཀག་བཙོན་འཇུག་བྱས་པ་དང་། ཁོང་དང་མཉམ་དུ་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་དགེ་འདུན་པ་གཞན་གཉིས་ཀྱང་འཛིན་བཟུང་བཙོན་བྱས་ཡོད་པ་རེད།

གཞན་ཡང་འདི་ལོའི་ཕྱི་ཟླ་༣ པའི་ནང་གཙང་དགོན་པའི་དགེ་འདུན་པ་ཚོར་གཙང་དགོན་པའི་ཁྲིམས་ལུགས་ཁྲིམས་སྲོལ་ཞེས་པའི་བརྗོད་གཞིའི་འོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་སྐོར་གྱི་གསོ་སྦྱོང་ཚོགས་འདུ་ཟེར་བ་བསྡུས་ཏེ། ཆབ་སྲིད་སློབ་གསོ་སྤྲད་པ་མ་ཟད། དོགས་གཞིའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་བརྒྱུད། གྲྭ་འོད་ཆུང་རྒྱ་མཚོ་དང་དགེ་འདུན་པ་ཁ་ཤས་ཀྱིས་འཕྲིན་སྟེགས་སྟེང་དུ་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་པར་རིས་དང་རྩོམ་ཡིག་སྤེལ་ལུགས་བརྗོད་དེ། ཁོང་ཚོར་རང་སྐྱོན་ངོས་ལེན་གྱི་ཡི་གེ་འབྲི་རུ་བཅུག་ཡོད་སྐོར་འཁོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༧ ལོ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཟེར་བ་ཞིག་སྤྱི་ཚོགས་ཁྲོད་ཁྱབ་བསྒྲགས་བྱས་ཡོད་པ་དང་། བོད་དང་ཡུ་གུར་གཙོའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དང་རྒྱ་ནག་ནང་ཁུལ་སོགས་སུ་དྲ་རྒྱ་དམ་དྲགས་ཤུགས་ཆེར་བཏང་ཡོད་པ་དང་། དྲ་རྒྱའི་སྟེང་རྒྱ་ནག་གི་བསམ་ཕྱོགས་དང་མི་མཐུན་པའི་གནས་ཚུལ་སྤེལ་མཁན་རིགས་ལ་ཆོས་ལུགས་ལོག་སྤྱོད་པ་དང་། འཇིགས་སྐུལ་ཐལ་སྤྱོད་རིང་ལུགས་པར་ངན་འབྲེལ། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག ཁ་བྲལ་རིང་ལུགས་པར་ངན་སྐུལ་བྱས་ཚུལ་སོགས་ཀྱི་ཉེས་མིང་འོག་འཛིན་བཟུང་བཙོན་བཅུག་བྱེད་ཀྱི་ཡོད་པ་རེད།

དེ་བཞིན་ཉེ་སྔོན་ནས་བོད་ཁུལ་གཙོའི་རྒྱ་ནག་གི་ས་ཆ་གང་སར་ནག་ཚོགས་གཤེད་བཅོམ་བྱས་པའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་༡༢ ཉིན་ནས་རྒྱ་ནག་གཞུང་ཕྱོགས་ནས་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་བཏང་ཡོད་པའི་ནང་། སྐད་འཕྲིན་ཚོགས་པ་ཡོངས་ལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་ནས་དུས་ཚོད་གང་དང་ས་ཆ་གང་ཞིག་ཡིན་རུང་། སྐད་འཕྲིན་ནང་རྒྱལ་ཁབ་དང་ཏང་ལ་གནོད་པའམ་ཁྲིམས་འགལ་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱ་མི་རུང་། གལ་ཏེ་སྐད་འཕྲིན་ནང་རྒྱལ་ཁབ་དང་ཏང་། སྤྱི་ཚོགས་ལ་གནོད་པའི་བརྗོད་གཞི་ཁྱབ་བསྒྲགས་བྱས་པའི་ཚོགས་པའམ་མི་སྒེར་ཡོད་ཚེ། ཐེངས་འདིའི་ནག་ཚོགས་གཤེད་བཅོམ་གྱི་ལས་འགུལ་ཁྲོད་ཐག་གཅོད་ནན་པོ་བྱས་ཏེ་ཁྲིམས་ཀྱི་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཡང་གསལ་བསྒྲགས་དེའི་ནང་རྒྱ་ནག་དམར་ཕྱོགས་གཞུང་གི་དྲ་རྒྱའི་བདེ་འཇགས་ཁྲིམས་དང་བསྟུན་ནས་སྐུར་མི་ཆོག་པའི་དོན་ཚན་བརྒྱད་བཀོད་ཡོད་པ་ལས། ༡ ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་བརྗོད་གཞི་མི་སྐུར་བ། ༢ དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་གང་བྱུང་དུ་མི་ཤོད་པ། ༣ ནང་ཁུལ་གྱི་དཔྱད་ཡིག་ཟེར་བ་གང་བྱུང་མི་སྐུར་བ། ༤ ཆགས་སྲེད་དང་དུག་རྫས། འབར་གས། འཇིགས་སྐུལ་དང་འབྲེལ་བའི་ཆ་འཕྲིན་མི་སྐུར་བ། ༥ ཧོང་ཀོང་་དང་ཨའོ་མན། ཐའེ་ཝན་གྱི་འབྲེལ་ཡོད་གསར་འགྱུར་གཞུང་ཕྱོགས་ཀྱི་དྲ་བར་ཁྱབ་བསྒྲགས་མ་བྱས་གོང་སྐུར་མི་ཆོག ། ༦  དམག་དོན་དཔྱད་ཡིག་གི་གསར་འགྱུར་མི་སྐུར་བ། ༧ རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བའི་ཡིག་ཆ་མི་སྐུར་བ།  ༨  བདེན་མིན་ཞིབ་དཔྱད་མ་བྱས་པར་འདྲ་མིན་གྱི་ཞལ་འདེབས་སློང་བའི་རིགས་མི་སྐུར་བ་བཅས་རེད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༡༨

Leave a Reply