ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཀེམ་ཇོང་ཨན་ལ་ཐུག་འཕྲད་བྱས།

ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་གསང་བའི་ཐོག་ནས་བྱང་ཀོ་རི་ཡའི་ནང་ཆེད་གཏོང་གིས་ཡུལ་གཉིས་བར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་དང་པོའི་ས་གནས་དང་དུས་ཚོད་སོགས་གཏན་འཁེལ་ཡོད་སྐོར་བརྗོད་ཀྱི་འདུག
ཝ་ཤིང་ཊོན་ཆ་འཕྲིན་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན།  ཉེ་སྔོན་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་མེག་པོམ་པོའེ་(Mike Pompeo)ཡིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བྱང་ཀོ་རི་ཡའི་ནང་ཆེད་གཏོང་གིས། ཡུལ་དེའི་སྲིད་འཛིན་ཀེམ་ཇོང་ཨན་དང་གསང་བའི་ཐུག་འཕྲད་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༥ པ་ཙམ་གྱི་ནང་སྲིད་འཛིན་ཊོམ་ཕུ་དང་ཀེམ་ཇོང་ཨན་གཉིས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་བྱ་རྒྱུ་ཡིན་པའི་སྐོར་ལ་གྲོས་མོལ་བྱས་ཡོད་འདུག

འབྲེལ་ཡོད་ཀྱི་མི་སྣ་གཉིས་ཀྱིས་བརྗོད་ན། ད་རེས་ཊོམ་ཕུའི་སྐུ་ཚབ་ཚོགས་ཆུང་དང་ཀེམ་ཇོང་ཨན་བར་གྱི་གསང་བའི་ཐུག་འཕྲད་ཀྱི་གནས་ཚུལ་ཕྱིར་ཤོར་ཏེ་ཐོག་མར་ཝ་ཤིན་ཊོན་ཆ་འཕྲིན་གསར་ཁང་གིས་བཀོད་ཡོད་པ་དང་། ཁ་སང་ཕྱི་དྲོར་སྲིད་འཛིན་ཊོམ་ཕུས་བྱང་ཀོ་རི་ཡ་དང་ཨ་རིའི་བར་གྱི་ཐུག་འཕྲད་དེའི་ཆེད་དུ་ས་གནས་ཁག་ལྔ་བདམས་ཡོད་སྐོར་བརྗོད་ཡོད་ཀྱང་། ས་གནས་དེ་དག་གང་ཡིན་མིན་སོགས་ཁ་གསལ་གང་ཡང་བཤད་མེད་པ་དང་། ཊོམ་ཕུས་ཨ་རི་དང་བྱང་ཀོ་རི་ཡའི་བར་གྲོས་མོལ་བྱུང་བ་བརྒྱུད་ལྷོ་བྱང་ཀོ་རི་ཡའི་རྒྱལ་ཁབ་གཉིས་བར་ཕྱི་ལོ ༡༩༥༠ ནས་ ༡༩༥༣ བར་བྱུང་བའི་ནང་འཁྲུག་གི་ཤ་འཁོན་སོགས་མཚམས་འཇོག་བྱས་ཏེ་ཞི་བའི་གྲོལ་མོལ་གྱི་ལམ་ཁ་བསྐྲུན་ཡོད་སྐོར་བརྗོད་འདུག

ཐེངས་འདིའི་ཨ་བྱང་གཉིས་ཀྱི་གསང་བའི་ཐུག་འཕྲད་ཐད་གླེང་སློང་མང་པོ་ཞིག་བྱུང་བཞིན་ཡོད་པའི་ནང་ནས་གཙོ་བོ་ཞིག་ནི།  ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་མེག་པོམ་པོའེ་ལགས་ཀྱི་སྐོར་ཡིན་པ་དང་། ཁོང་ནི་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༣ ཉིན་ནས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་དུ་བསྐོ་བཞག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༣ ཉིན་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་ས་རང་ཉིད་ཀྱི་རྒྱལ་སྲིད་ལམ་སྟོན་པ་རེག་ཁུ་ཊོ་ལར་སོན་ཕྱིར་འཕུད་བཏང་ཏེ་མེག་པོམ་པོའི་འོས་མིར་བདམས་ཡོད་ཀྱང་། རྒྱལ་སྲིད་ལམ་སྟོན་པར་བསྐོ་བཞག་བྱེད་པར་ཨ་རིའི་གྲོས་ཚོགས་ཀྱི་བཀའ་འཁྲོལ་ཐོབ་དགོས་ཀྱི་ཡོད་པར་བརྟེན། ད་ལྟ་མེག་པོམ་པོའེ་ཊོམ་ཕུའི་རྒྱལ་སྲིད་ལམ་སྟོན་པར་འདུག་མ་ཐུབ་པར་ལྷག་ཡོད་པ་རེད། དམིགས་བསལ་ད་རེས་ཊོམ་ཕུས་གསང་བའི་ལས་ཁུངས་བརྒྱུད་བྱང་ཀོ་རི་ཡ་དང་འབྲེལ་འདྲིས་བྱས་པའི་བརྒྱུད་རིམ་ཐད་གནད་ཡོད་མི་སྣ་མང་པོ་ཞིག་གིས་དོགས་གཟོན་བྱེད་ཀྱིན་ཡོད་འདུག་ལ། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚན་པའི་འཐུས་མི་ལྕམ་ཇི་ནེན་ཤ་ཧེ་ལགས་ཀྱིས། མེག་པོམ་པོའེ་རྒྱལ་སྲིད་ལམ་སྟོན་པར་བསྐོ་བཞག་བྱེད་པར་སེམས་འཚབ་ཞེ་དྲགས་འདུག ཅེས་བརྗོད་ཡོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་།  ཨ་རིས་རྒྱལ་ཁབ་གཞན་དང་ལྷན་དུ་གསང་བའི་སྒྲིག་འཛུགས་བརྒྱུད་འབྲེལ་འདྲིས་བྱས་པའི་ལོ་རྒྱུས་ཡོད་ཀྱང་། ཨ་རི་དང་བྱང་ཀོ་རི་ཡའི་བར་རྒྱལ་ཁབ་ཀྱི་ངོས་ནས་འབྲེལ་འདྲིས་མེད་པར་བརྟེན། ད་རེས་རྒྱལ་སྲིད་ལམ་སྟོན་པའི་འོས་མི་ཞིག་གིས་བྱང་ཀོ་རི་ཡའི་ལྷན་དུ་གསང་བའི་འབྲེལ་འདྲིས་བྱས་པར་གླེང་སློང་མང་པོ་ཡོང་གི་ཡོད་འདུག་ལ། ཆབ་སྲིད་དབྱེ་ཞིབ་པ་ཚོས། ཨ་བྱང་གཉིས་ཀྱི་ཐུག་འཕྲད་དེ་ལྷོ་བྱང་ཀོ་རི་ཡའི་དམག་སྲིད་མཚམས་འཇོག་བྱེད་སའི་ས་ཁུལ་ཞིག་གམ་ཡང་ན་པེ་ཅིན། ཡང་ན་ཨེ་ཤ་ཡ་དང་ཡུ་རོབ་རྒྱལ་ཁབ་ཅིག ཐ་ན་རྒྱལ་སྤྱིའི་མཚོ་གླིང་ཞིག་ཏུ་ཡང་ཡིན་སྲིད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༡༨

Leave a Reply