མི་ལོ་དྲུག་ཅུ་འཁོར་བའི་དུས་དྲན་ལས་འཕྲོས་པའི་གཏམ།

ཆབ་མདོ་ངག་ཕུན།

          དེ་རིང་གླེང་འདོད་པ་ནི། ཕྱི་ལོ་ ༡༩༤༩ ལོར་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་མི་དམར་པོ་དྲག་པོས་བཙན་འཛུལ་བྱས་ནས་བོད་མི་རིགས་ཆགས་འཇིག་གི་འགག་རྩར་སླེབས་ནས་ཧ་ཅང་ཛ་དྲག་གི་དུས་སྐབས་དེར་༸རྒྱལ་བ་རིན་པོ་ཆེ་མཆོག་གཙོས་སྐུ་འཁོར་ཧྲག་བསྡུས་ཤིག་ངལ་བ་བརྒྱ་ཕྲག་དང་དུ་བཞེས་ཏེ་ལ་ལུང་མང་པོ་བརྒལ་ཏེ་བོད་མི་རིགས་དང་། ཡང་སྒོས་སངས་རྒྱས་བསྟན་པའི་དོན་དུ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་ནས་ལོ་ངོ་དྲུག་ཅུ་འཁོར་བ་དང་། དེ་བཞིན་བཙན་བྱོལ་གཞུང་མང་གཉིས་ནས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གཟབ་རྒྱས་ཀྱི་ཚོགས་གནང་སོང་བ་དང་། སྐབས་དེར་དགའ་སྐྱོ་ཟུང་འབྲེལ་གྱི་གནས་སྟངས་ཤིག་བློ་ཡིད་ལ་ཤར་བྱུང་ལ། དེ་བཞིན་བོད་ཀྱི་ཟློས་གར་ཟུར་པ་གཞས་མ་ཞིག་གིས་རྒྱ་གར་གྱི་གླུ་དབྱངས་སྙན་པོ་ཡིད་སེམས་མགུ་བ་ཞིག་བཏང་སོང་བས། གཡས་གཡོན་ནས་མི་ཚོགས་མང་པོ་ཞིག་ཀྱང་མིག་ཆུ་འཁོར་འདུག་ལ། ལྷག་དོན་རྒྱ་གར་སྐུ་སྲུང་འགའ་ཤས་ཀྱང་མིག་ཆུ་ཤོར་སོང་། དེ་བཞིན་སྐུ་མགྲོན་རྣམ་པ་ཡང་མིག་ནང་ཆུས་ཁེངས་ཤིང་། དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་སྣང་ཟབ་མོ་དེ་ཉིན་མི་མང་པོ་ཞིག་ལ་སྟེར་ཡོད་པ་ནི་འབྲེལ་བརྗོད་མ་དགོས།

དེ་ནི་བརྗོད་གཞི་དངོས་ལ་འཇུག་པར་བྱ། དེ་ཡང་དེ་ཉིན་འཕགས་ཡུལ་གྱི་སྐུ་མགྲོན་རྣམ་པས་གསུང་བཤད་ཟབ་ཅིང་རྒྱས་པ་རིམ་པར་གནང་སོང་བ་དང་། དེ་ཡང་སྐུ་ཞབས་མ་ཧེཤ་ཤརྨ་མཆོག་ནས། “ཕན་ཚུན་གཉིས་ཀྱི་མཛའ་བརྩེའི་འབྲེལ་ལམ་ཐོག་ནས་ཡིན་ནའང་འདྲ།སྤུན་རྒན་གཞོན་གཉིས་ཀྱི་འབྲེལ་བའི་སྐོར་ཡིན་འང་རེད། དེ་བཞིན་བླ་སློབ་གཉིས་ཀྱི་འབྲེལ་བའི་དབར་ཐུགས་རྗེ་ཆེ་ཞུ་དགོས་པའི་གནས་སྟངས་གང་ཡང་མཐོང་གི་མེད་”ཅེས་དང་། ཡང་”འཕགས་བོད་ཀྱི་འབྲེལ་བ་ལོ་ངོ་སྟོང་གི་རིང་མཛའ་བརྩེའི་འབྲེལ་ལམ་དེ་འཇལ་བྱེད་སྒང་ལ་བཞག་པ་ཡིན་འཇལ་ཐུབ་རྒྱུ་མེད། རྒྱ་གར་རིག་གཞུང་ནང་འཛམ་གླིང་ཡོངས་རྫོགས་ཁྱིམ་ཚང་གཅིག་ཡིན་པའི་ལྟ་ཚུལ་འཛིན་བཞིན་ཡོད། ཁྱོད་ཚོས་ཐུགས་རྗེ་ཞུ་རྒྱུའི་ཀུན་སློང་ཙམལས་མ་ཟད་གོང་དུ་གླུ་དབྱངས་སོགས་ནས་རྣམ་འགྱུར་གསལ་སྟོན་གནང་བ་དེ་དག་གིས་སེམས་འགུལ་ཧ་ཅང་ཐེབས་ནས་མཆིལ་མས་ཁེངས་བྱུང་”ཞེས་གསུང་བཤད་རྒྱས་པ་གནང་ཡོད་པ་དང་། ལྷག་དོན་དུ་སྐབས་དེར་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་སྩལ་དོན་ལས། “བོད་ནས་བྲོས་བྱོལ་དུ་ཡོང་སྐབས་སེམས་ནང་དངངས་སྐྲག་ཡོད། ལྷ་སར་དྲག་གནོན་ཧ་ཅང་བྱས་པའི་གནས་ཚུལ་ཡོད་སྟབས་སེམས་ཞུམ། སེམས་སྐྱོ་ནས་མ་འོངས་པར་ག་འདྲ་བྱེད་ཡོང་བསམས་པའི་བློ་གཡེང་བྱས་ནས་ཡོང་བ་རེད། དེ་ནས་རིམ་བཞིན་རྒྱ་གར་གཞུང་གིས་གཟིགས་སྐྱོང་གནང་རྒྱུའི་འདེང་སྤེབས་ཕྲན་བུ་ཐོབ་སྐབས་སེམས་ནང་སྤོབས་པ་ཞིག་རྙེད་པ་དེ་འདྲ་རེད། དེར་བརྟེན་འདིར་པར་རིས་གཉིས་པོ་དེ་མཐོང་སྐབས་སེམས་ནང་དགའ་སྐྱོ་ཟུང་སྦྲེལ་གྱི་ཚོར་བ་སྐྱེས་བྱུང་། སེམས་ནང་དགའ་སྣང་བསླེབས་པའི་མཚམས་དེར་ལོ་བཞི་བཅུ་ལྔ་བཅུའི་རྗེས་སུ་ག་འདྲ་ཆགས་མིན་བསམ་བློའི་ནང་མེད། ད་ཆ་ང་ཚོ་ལོ་དྲུག་ཅུ་ཕྱིན་པའི་སྐབས་སེམས་ནང་གང་ཙམ་ཚོད་ཐིག་རྒྱུ་ཞིག་ཆགས་འདུག” །ཅེས་བཀའ་སློབ་གནང་བ་དང་། ཡང་རང་རྣམ་ལས། “ང་ཚོ་རྒྱ་གར་ས་གནས་གྲོང་དང་། གྲོང་བརྡལ་དག་ཏུ་རིམ་འབྱོར་སྐབས་བརྩེ་ཞེན་དགའ་བསུ་བྱུང་བ་དེས་ང་ཚོ་ཚང་མའི་སེམས་སྡུག་མངོན་གྱུར་པ་རེ་ཞིག་མ་སངས་ཐབས་མེད་ལྟ་བུར་གྱུར་”ཅེས་དང་།ཡང་”སྲིད་བློན་སྐུ་ཞབས་ནེ་རུ་ནས་མཛའ་བརྩེའི་རླུང་འཕྲིན་ཞིག་གནང་འབྱོར་གནང་། ང་དང་། ལས་རོགས་ཚོས་ཁྱེད་ལ་དགའ་བསུ་རྒྱུ་དང་། རྒྱ་གར་དུ་ཐར་ཕེབས་ཐུབ་པར་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་དང་ཁྱེད་ཀྱི་སྐུ་འཁོར་ཚོ་རྒྱ་གར་དུ་བཞུགས་རྒྱུའི་མཐུན་རྐྱེན་ཇི་དགོས་ང་ཚོས་དགའ་སྒྲུབ་ཞུ་རྒྱུ་ཡིན། རྒྱ་གར་མི་མང་ནས་ཁྱེད་ལ་སྔར་བཞིན་གུས་བཀུར་ཞུ་རྒྱུ་ཐེ་ཚོམ་མེད་”ཅེས་རླུང་འཕྲིན་འབྱོར་བ་དང་། དུས་དེ་ནས་བཟུང་སྟེ་རེ་བ་བཟང་ས་དང་། གྲ་སྒྲིག་སྡུག་སར་གནང་ནས་སྐུ་ལས་ཚད་མེད་སྐྱོན་གནང་མཛད་དེ་བོད་མི་རིགས་འདི་ཉིད་གསོན་པོར་གནས་ཐུབ་པ་བྱུང་ཡོད་ལ། ༸རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་འཕགས་པའི་ཡུལ་ལ་ཞབས་སོར་བདེ་བར་འཁོད་ནས་མི་ལོ་དྲུག་ཅུ་འཁོར་ཡོད་ཅིང་། ལོ་ངོ་དེ་དག་གི་རིང་ལ་རྒྱ་གར་གཞུང་མང་གཉིས་ནས་བཀའ་དྲིན་བླ་མེད་ཀྱི་ཐོག་ནས་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འཆར་གཞི་གོ་རིམ་ལྡན་པའི་འཛུགས་སྐྲུན་ཐུབ་པ་བྱུང་ཡོད་ཅིང་། མ་ཟད་འཕགས་བོད་ཀྱི་འབྲེལ་བ་ནི་ལོ་ངོ་སྟོང་ཕྲག་མང་པོ་གོང་རོལ་ནས་འབྲེལ་ལམ་དམ་ཟབ་ཡོད་པའི་གནས་སྟངས་ཤིག་ཡིན་ལ། བོད་མིའི་ཁ་རྒྱུན་ལས་རྒྱ་གར་འཕགས་པའི་ཡུལ་ཞེས་ཆེས་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་དང་། གུས་བཀུར་བླ་མེད་ཞུ་བཞིན་ཡོད། དེ་ཡང་མཛད་སྒོའི་སྐབས་ལ་བཀའ་སློབ་ལས། “གོང་དུ་གསུངས་སོང་བ་ལྟར་ངོས་ནས་ནམ་རྒྱུ་བཤད་ཀྱི་ཡོད། འཕགས་བོད་གཉིས་དགེ་རྒན་དང་དགེ་ཕྲུག་ནང་བཞིན་རེད། ང་ཚོ་བོད་པའི་ཁ་རྒྱུན་དུ་འང་འཕགས་པའི་ཡུལ་ཞེས་ཟེར་གྱི་ཡོད། འཕགས་པའི་ཡུལ་ཞེས་པ་ང་ཚོས་རྒྱ་གར་གཅིག་པུ་ལ་མ་གཏོགས་ལུང་པ་གཞན་སུ་ལའང་ཟེར་གྱི་མེད། ང་ཚོའི་རང་བཞིན་གྱི་སེམས་ནང་དུ་རྒྱ་གར་འཕགས་པའི་ཡུལ་ཞེས་སེམས་གཏིང་ནས་དད་མོས་དང་གུས་བཀུར་བྱེད་པའི་འབྲེལ་བ་ཡོད་ཞིག་ཆགས་ཡོད་”ཅེས་བཀའ་སློབ་གནང་བ་དང་།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རིམ་གྱིས་བོད་ལ་ནང་ཆོས་དར་འགོ་བཙུགས་པ་གྲགས་ཤིང་། དུས་སྐབས་དེ་ནས་བཟུང་སྟེ་ཆོས་རྒྱལ་དང་ལོ་ཙཱ་བ་བཀའ་དྲིན་ཅན་རྣམས་ཀྱིས་ལུས་དང་ལོངས་སྤྱོད་བཅས་པ་བློས་བཏང་གནང་ནས་རྒྱ་གར་འཕགས་ཡུལ་ལ་ཕེབས་ནས་སངས་རྒྱས་ཀྱི་བཀའ་མདོ་རྒྱུད་དང་བཅས་པ་རིམ་གྱིས་ཕབ་བསྒྱུར་གནང་ནས་བོད་གངས་ཅན་གྱི་ལྗོངས་ལ་ཤེས་རིག་གི་སྒྲོན་མེ་དར་སྤེལ་མཛད་ཡོད་ཅིང་། ད་ལྟ་བོད་མི་རིགས་ལ་ངོམ་རིན་མཆོག་པའི་ནང་པ་སངས་རྒྱས་པའི་ལྟ་གྲུབ་འདི་ཉིད་བསྐྲུན་ཐུབ་པ་བྱུང་ཡོད། དེ་ཡང་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལས། “སྔར་རྒྱ་གར་གྱི་རིག་གཞུང་མང་པོའི་ནང་དུ་སེམས་ཁམས་རིག་པའི་སྐོར་དར་སོ་ཆེན་པོ་ཡོད་ཀྱང་། བར་སྐབས་ཉམས་པ་རེད། མ་ཉམས་པར་བདག་པོ་བརྒྱབ་ཡོད་མཁན་བོད་པ་གཅིག་པུ་རེད། གཞུང་ནང་པའི་གཞུང་ནས་ཐོན་པ་ཡིན་ཀྱང་། བརྗོད་བྱའི་ཆ་ནས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་ཐོག་ཏུ་འགྲོ་ཐུབ་པ་ཞིག་རེད། དེ་ལྟ་བུ་ལ་བསམ་བློ་གཏོང་དུས་ང་ཚོ་བཙན་བྱོལ་བ་ཆགས་ཏེ་རང་དབང་ལུང་པར་སླེབས་ནས་གཙོ་ཆེར་རྒྱ་གར་གཞུང་མང་གཉིས་ནས་ཁ་ཞེ་གཉིས་མེད་ཀྱིས་ལོ་ནས་ལོ་བསྟུད་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བའི་འབྲས་བུ་ལ་ང་ཚོས་ལོ་སྟོང་ཕྲག་རིང་རྒྱ་གར་མཁས་པའི་བཞེད་གཞུང་བདག་པོ་བརྒྱབ་ནས་ཡོད་པ་དེ་འཛམ་གླིང་སྤྱི་ལ་གང་འཚམ་ཕན་ཐོགས་བྱེད་ཐུབ་པ་ཞིག་སླེབས་འདུག” །ཅེས་བཀའ་སློབ་རིན་ཐང་བྲལ་བ་གནང་ཡོད། དུས་དེ་ནས་བཟུང་སྟེ་འཕགས་བོད་བླ་སློབ་ཀྱི་དམ་ཚིག་འགྱུར་མེད་འདུ་ཤེས་གསོན་པོ་འཛིན་ནས་བོད་མི་རྣམས་ལ་རྒྱ་གར་གཞུང་མང་གཉིས་ཀྱི་ཐུགས་བརྩེ་བ་ཆེན་པོ་གཟིགས་སྐྱོང་གནང་ཡོད་ཅིང་། དེ་འདྲའི་གཟིགས་སྐྱོང་གནང་བས་དྲིན་ལས་ད་ལྟ་ང་ཚོ་བོད་མི་རིགས་འདི་ཉིད་འཛམ་གླིང་སའི་གོ་ལོའི་སྟེང་ནས་མ་ཡལ་བར་གསོན་པོར་གནས་ཐུབ་པ་བྱུང་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ངས་འཕགས་ཡུལ་གཞུང་མང་གཉིས་ལ་བཀའ་དྲིན་ཆེ། ཐུགས་རྗེ་ཆེ་ཞུ་བ་འདོད། དྲིན་ཅན་ལ་དྲིན་དུ་བཟོ་བ་ནི་འཇིག་རྟེན་པའི་ལུགས་དང་མཐུན་གྱི་ཡོད་ལ། མ་འོངས་པར་མི་རབས་གསར་པ་རྣམས་ལ་མིག་སྟོས་བཟང་པོ་ཞིག་སེམས་རྒྱུད་འཇོག་པར་ཕན་ཐོགས་ཡོད་པ་དང་། ཡ་རབས་བཟང་སྤྱོད་ཀྱི་ལུགས་དང་མཐུན་གྱི་ཡོད་པ་ཞིག་ལས་དེར་ངོས་དགའ་དང་སྤྲེལ་ལད་ཁྲབ་པ་ཞིག་གཏན་ནས་མིན།      འགའ་ཤས་ཀྱིས་རྒྱ་གར་མི་མང་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་ཟིན་པ་རེད། ཡང་བསྐྱར་ཞུ་དགོས་མ་མཐོང་ཞེས་ཁ་ཕོ་ཆེ་མདོག་གིས་གསུང་མཁན་འདུག་ཀྱང་རྒྱ་གར་མི་མང་ལ་བཀའ་དྲིན་རྗེས་དྲན་ག་ཚོད་ཞུ་ཐུབ་ན་དགེ་མཚན་ལྡན་པ་ཞིག་ལས་དེར་གནོད་སྐྱོན་གང་ཡང་ཡོད་མ་རེད་སྙམ། བོད་མི་རྣམས་བཙན་བྱོལ་ལ་དང་ཐོག་སླེབས་སྐབས་ངོ་ཤེས་པ་ནི་གནམ་ས་གཉིས་ལས་མེད་པའི་དུས་སྐབས་དེར་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་ལ་བོད་མིའི་སློབ་གྲྭ་ཁེར་གཙང་ཟུར་འཛུགས་ཆོག་པའི་ཆོག་མཆན་དང་མཐུན་འགྱུར་རོགས་རམ་ཡོང་བའི་རེ་སྐུལ་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཞུ་དོན་ཇི་བཞིན་བཀའ་དྲིན་ཆེན་པོའི་ཐོག་ནས་རྒྱ་གར་སྲིད་བློན་མཆོག་གིས་བོད་མིའི་ཁེར་གཙང་སློབ་གྲྭ་ཁག་ཟུར་འཛུགས་གནང་འཐུས་ཆོག་པའི་བཀའ་ཁྲོལ་དང་མཐུན་འགྱུར་རོགས་རམ་གནང་བ་དེས་ད་ལྟ་ང་ཚོའི་མ་འོངས་པའི་སོན་རྩ་ན་གཞོན་རྣམས་ལ་བོད་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་།གོམས་སྲོལ་སོགས་མ་བརླག་པར་གསོན་པོར་གནས་ཐུབ་པ་དེས་བོད་མིའི་སློབ་གྲྭ་ཁག་ཟུར་གནང་ཆོག་པའི་དགོངས་བཞེས་གནང་བ་ལས་བྱུང་བ་ཞིག་རེད་ལ། བོད་མིའི་སློབ་གྲྭ་ཁག་མང་པོ་ཞིག་རྒྱ་གར་ས་གནས་སོ་སོར་བཙུགས་རྒྱུར་མཐུན་འགྱུར་གནང་བ་དང་། དེ་བཞིན་བོད་མིའི་ཁེར་གཙང་གཞིས་ཆགས་གསར་འཛུགས་ཀྱི་མཐུན་འགྱུར་གནང་བ་བཅས་ཀྱིས་གོང་ཞུས་ལྟར་བོད་མི་རིགས་ཀྱི་གོམས་སྲོལ་གཤིས་ལུགས་མ་བརླག་པར་གསོན་པོ་གནས་ཐུབ་པ་བྱུང་བ་བཅས་ནི་རྒྱ་གར་གཞུང་མང་གཉིས་ནི་བཀའ་དྲིན་ལས་བྱུང་བ་ཞིག་ཀྱང་ལོད་ཡིན་སྙམ། བོད་མི་རྣམས་རྒྱ་གར་གྱི་ས་ཆ་གང་དུ་ཕྱིན་ནའང་ཀར་ཀོར་སོགས་ཅི་ཡང་མེད་པར་རང་དབང་གི་འགྲོ་སྡོད་བྱེད་བཅུག་པ་དང་། ལས་དོན་གང་ཞིག་གཉེར་ནའང་ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་གནང་བཅུག་པ་བཅས་ནི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཞིག་རེད། ང་ཚོར་རྒྱ་གར་གཞུང་མང་གཉིས་ནི་བཀའ་དྲིན་ཆེ་གྲས་ནས་རྒྱལ་ཁབ་གཅིག་དེ་ཡིན།

དེ་འཛམ་གླིང་འདིར་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པས་ཁོང་རྣམས་ལའང་བཀའ་དྲིན་ཆེ་བ་ཞུ་བ་འདོད། ལྷག་དོན་རང་རེེའི་རྒན་དར་གཞོན་གསུམ་ལ་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རེ་གནང་བ་ཇི་བཞིན་ལས་དོན་གནང་དགོས་པ་ཞིག་ལས་མིང་དང་སྙན་གྲགས་ཙམ་ལ་དམིགས་ནས་ལས་དོན་གཏན་ནས་གནང་མི་རུང་སྙམ། ངས་དེ་འདྲ་གནང་གི་འདུག་ཅེས་གཏན་ནས་བརྗོད་ཀྱི་མེད། ང་ཚོ་ཚང་མས་ཆུ་མ་ཡོང་གོང་གི་རགས་དང་། རྐྱེན་མ་ཡོང་གོང་གི་ཟློག་པ་ཞེས་པའི་དཔེ་ལྟར་ཡིད་གཟབ་གནང་རྒྱུ་དེ་ཡང་གལ་ཆེ་རང་བཞིན་ཞིག་རེད། ད་ནི་བོད་མི་རིགས་རྒན་དར་གཞོན་གསུམ་གྱི་གནས་སྐབས་ཀྱི་ཚོར་བ་ཙམ་མ་ཡིན་པས་བོད་མི་རིགས་འདི་ཉིད་མ་འོངས་པར་གསོན་པོར་གནས་ཐུབ་པར་བོད་རིགས་ཡོངས་རྫོགས་ཆིག་བསྒྲིལ་གྱིས་ནུས་སྟོབས་རག་ལས་ཡོད་ན། ངེས་པར་དུ་ཆིག་བསྒྲིལ་གྱི་ནུས་སྟོབས་འཕེལ་བའི་ལས་དོན་གནང་དགོས་པ་ཞིག་ལས་ངས་ཁ་དང་ཁྱོད་ཀྱི་སྣ་ཞེས་ནང་ཁུལ་ལ་ཕན་ཐོགས་མེད་པའི་ཚིག་སྐམ་སྟོང་བཤད་གནང་བསྡད་ན་བོད་རིགས་ནང་ཁུལ་ཆིལ་བསྒྲིལ་གྱི་ནུས་སྟོབས་ལ་གནོད་པ་ལས་གཞན་ཕན་ཐོགས་ཁབ་ཀྱི་རྩེ་མོ་ཙམ་ཡང་་མེད་པས་ནང་ཁུལ་ལ་རྙོག་གླེང་གཏན་ནས་བྱེད་མི་རུང་ལ། བོད་རིགས་ནང་ཁུལ་རྙོག་གླེང་གནང་བསྡད་ན་དགྲ་དགའ་གཉེན་སྡུག་ཅེས་པའི་དཔེ་ལྟར་མི་འགྱུར་བའི་ངེས་པ་མེད་གཤིས་ངེས་པར་འགོ་འོག་ཚང་མས་རྣམ་རིག་བསྒྲིམ་ནས་ཡིད་གཟབ་གནང་དགོས་པ་ཞིག་ཏུ་མཐོང་། ང་ཚོ་ཚང་མའི་དགོངས་པ་ཆེ་ས་ནས་བཞེས་པའི་དུས་སྐབས་ཤིག་སླེབས་འདུག་སྙམ་ཞིང་། ང་ཚོ་ཚང་མ་ཤ་ཁྲག་གཅིག་ལས་མཆེད་པའི་སྤུན་ཟླ་ཡིན་ན། བོད་མི་རིགས་ཀྱི་བདེན་དོན་སེལ་ཆེད་དུ་བོད་མི་རྩམ་གཟན་ཡོངས་རྫོགས་རྡོག་རྩ་གོང་བུ་གཅིག་ཏུ་བསྒྲིལ་ནས་རང་དབང་བདེན་དོན་ཐོག་ལ་ནུས་ཤུགས་ལ་འབད་བརྩོན་བྱེད་དགོས་པ་དེ་ཡིན་ནོ། མཐའ་དོན་འཕགས་ཡུལ་གཞུང་མང་གཉིས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ།

བསྐྱར་བཅོས།: ༢༠༡༨/༠༤/༢༠

Leave a Reply

One thought on “མི་ལོ་དྲུག་ཅུ་འཁོར་བའི་དུས་དྲན་ལས་འཕྲོས་པའི་གཏམ།

  1. ཨ་འབར་འཇིགས་དབང།

    ཆབ་མདོ་ངག་ཕུན་ལགས་ནས་གོང་ས་མཆོག་གིས་བཀའ་ཕེབས་གནང་བ་བཞིན་རྒྱ་གར་
    གཞུང་ལ་་བཀའ་དྲིན་རྗེས་སུ་དྲན་པའི་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་སྐོར་ལ་དོན་བསྡུས་གོ་དོན་ཡོད་པ་
    སྙིང་བསྡུས་ཤིག་བྲིས་གནང་འདུག་པ་ལེགས་སོ་ཞུ།
    རང་གཞུང་བཀའ་ཤག་་ནས་ཀྱང་ས་གནས་གང་སར་དུས་དྲན་མཛད་སྒོ་གནང་འདུག་པར་རྒྱ་གར་མང་ཚོགས་
    ནས་དགའ་གུས་ཚོར་ཤུགས་ཆེན་པོ་གནང་གི་འདུག་་་བོད་པ་ཚོ་དངོས་གནས་ཡག་པོ་རེད་ཅེས་མི་མང་
    དཀྱུས་མ་གྲོང་གསེབ་པ་ཚོས་ཀྱང་སེསམ་དགའ་བོ་གནང་གི་འདུག་
    སྲིད་སྐྱོང་དང་བཀའ་ཤག་ལྷན་རྒྱས་ལ་བཀྲིས་བདེ་ལེགས་དང་་ཐུགས་རྗེ་ཆེ་ཞུ་གི་ཡོད།
    རྒྱ་གར་གཞུང་མང་གཉིས་ལ་གུས་ནས་་་ཐུགས་རྗེ་ཆེ་ཞུ་གི་ཡོད།
    ང་སློབ་སྦྱོང་བེྱེ་སའང་རྒྱ་གར་ནང་རེད།