མི་མང་གིས་སྲིད་གཞུང་གི་སྒོ་བརྒྱབ།

ཨར་མ་ནེ་ཡའི་སྲིད་འཛིན་ཟུར་པ་སར་གྷི་ཡན་སྲིད་བློན་དུ་བདམས་ཏེ་དེ་རིང་ཉིན་རྒྱབ་ལས་འཁུར་དམ་བཅའ་བཞག་ཡོད་པར་བརྟེན་སྲིད་གཞུང་གི་ལྟེ་གནས་སོགས་སུ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཡུ་རོབ་ཀྱི་མཐའ་མཚམས་སུ་འཁེལ་བའི་ཨེ་ཤ་ཡའི་རྒྱལ་ཁབ་སྟེ། དེ་སྔོན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་གཏོགས་དང་ཆེས་སྔ་བའི་ཡེ་ཤེ་ཆོས་ལུགས་དར་ས་ཨར་མ་ནེ་ཡའི་(Armenia)གྲོས་ཚོགས་ཀྱིས། ཡུལ་དེའི་སྲིད་འཛིན་སྐབས་གཉིས་འཁུར་ཏེ་བདུན་ཕྲག་སྔོན་མའི་ནང་ལས་མཚམས་བཞག་མ་ཐག་པའི་སྲིད་འཛིན་ཟུར་པ་སར་རྫ་ཧཱ་སར་གྷི་ཡན་(Serzh Sargsyan)ལ་འོས་བླུགས་པ་བརྒྱུད། གྲོས་ཚོགས་འཐུས་མི་ ༡༧ གྱིས་དགག་པ་བརྒྱབ་པ་དང་འཐུས་མི་ ༧༧ གྱིས་རྒྱབ་སྐྱོར་ཐོབ་སྟེ་སྲིད་བློན་དུ་མང་མོས་རྒྱལ་ཁ་ཐོབ་ཡོད་པ་དང་། དེ་རིང་སར་རྫ་ཧཱ་སར་གྷི་ཡན་གྱིས་སྲིད་བློན་དམ་བཅའ་བཞག་ཡོད་པར་བརྟེན།  ཡུལ་དེའི་མི་མང་སྟོང་ཕྲག་མང་པོ་སྲིད་གཞུང་གི་ལྟེ་བ་དང་ས་གནས་ལས་ཁུངས་ཁག་གི་མདུན་དུ་འདུ་འཛོམས་ཀྱིས། སར་རྫ་ཧཱ་སར་གྷི་ཡན་གྱིས་སྲིད་དབང་སྒེར་འཛིན་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཏེ་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། སྲིད་གཞུང་གི་ལས་ཁུངས་ཁག་དང་དངུལ་ཁང་སོགས་མི་མང་གི་བཀག་སྡོམ་འོག་སྒོ་བརྒྱབས་ཡོད་འདུག

 ངོ་རྒོལ་ལས་འགུལ་གྱི་སྣེ་འཁྲིད་དང་ཁ་གཏད་སྲིད་དོན་ཚོགས་པའི་ཚོགས་མི་ནེ་ཁོལ་པ་ཤི་ནེ་ཡན་(Nikol Pashinian)གྱིས།  ང་ཚོའི་ལས་འགུལ་འདིའི་མིང་ལ་ཞི་རྒོལ་གསར་བརྗེ་ཟེར་གྱི་ཡོད་ལ། གཞུང་གིས་མི་མང་གི་བསམ་ཚུལ་དང་ལེན་མ་བྱས་བར་དུ་ལས་འགུལ་བ་རྣམས་ཀྱིས་མུ་མཐུད་གསར་བརྗེའི་ལས་འགུལ་སྤེལ་ཏེ། གཞུང་གི་བློན་ཆེན་ལྷན་ཁང་དང་ཁྲིམས་བཟོ་ལྷན་ཁང་། དེ་བཞིན་གཞུང་གི་དངུལ་ཁང་དང་གཞུང་འབྲེལ་གྱི་ལས་ཁུངས་ཁག་ཡོངས་ཀྱི་མཐའ་སྐོར་ནས་ཞི་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། ཨར་མ་ནེ་ཡའི་གཞུང་གིས་ད་བར་ངོ་རྒོལ་ལས་འགུལ་བ་མི་བརྒྱ་མ་ཟིན་ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་མ་ཟད། དེ་རིང་ཉིན་རྒྱབ་ཏུ་སར་གྷི་ཡན་གྱིས་སྲིད་བློན་གསར་པའི་དམ་འབུལ་དང་བསྟུན། མི་མང་གིས་ཞི་རྒོལ་བྱེད་སྐབས་སྐོར་སྲུང་ཉེན་རྟོག་པ་འཕོན་ཆེན་འགྲེམས་འཇོག་གིས་དུག་རླངས་གཏོར་བ་དང་གཅར་རྡུང་སོགས་བྱས་ཏེ་མི་མང་པོར་རྨས་སྐྱོན་བཟོས་ཡོད་འདུག

ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༦ ཉིན་ཨར་མ་ནེ་ཡའི་བཅའ་ཁྲིམས་བསྐྱར་བཅོས་བྱས་ཏེ་སྲིད་འཛིན་ལམ་ལུགས་ནས་ཕྱེད་སྲིད་འཛིན་ལམ་ལུགས་དུ་བསྒྱུར་ཡོད་པ་དང་།  ཕྱེད་སྲིད་འཛིན་ལམ་ལུགས་ནང་སྲིད་འཛིན་དང་སྲིད་བློན་གཉིས་ཡོད་པའི་ནང་ནས་ཕྱི་ཚུལ་ནས་སྲིད་འཛིན་ལ་དབང་ཆ་ཆེ་བ་ཡོད་པར་མཐོང་ཡང་། དོན་དངོས་ཐོག་སྲིད་བློན་གྱི་དབང་ཆ་སྲིད་འཛིན་ལས་ཆེ་བ་ཡོད་འདུག ཡང་སྲིད་འཛིན་མེད་པ་ཡིན་ན་འཛིན་སྐྱོང་ཐུབ་ཀྱི་མེད་པར་བརྟེན། ཨརར་མ་ནེ་ཡ་མི་མང་གཙོས་དེ་སྔ་ནས་གཞུང་འཛིན་སྤྱི་མཐུན་ཚོགས་པའི་ཁ་གཏད་སྲིད་དོན་ཚོགས་པ་སོགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་དེར་མོས་མཐུན་བྱེད་ཀྱི་མེད་པ་དང་། དམིགས་བསལ་གཞུང་འཛིན་སྲིད་དོན་ཚོགས་པས་སར་གྷི་ཡན་སྲིད་བློན་གྱི་འོས་མིར་བདམས་པ་ཁྱབ་བསྒྲགས་བྱས་རྗེས། མི་མང་བརྒྱ་ཕྲག་མང་པོས་གཞུང་ལ་ངོ་རྒོལ་བྱེད་མགོ་བརྩམས་ཡོད་པ་མ་ཟད། ཁ་སང་གྲོས་ཚོགས་ཀྱི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་མ་ཐག་ངོ་རྒོལ་བྱེད་མཁན་ཇེ་མང་དུ་སོང་སྟེ། ད་ལྟ་ཨར་མ་ནེ་ཡའི་གྲོང་ཁྱེར་ཆེ་ཆུང་ཁག་ཚང་མའི་ནང་ངོ་རྒོལ་ལས་འགུལ་སྤེལ་ཏེ་གཞུང་གི་ལས་ཁུངས་དང་དངུལ་ཁང་སོགས་ཀྱི་སྒོ་བརྒྱབ་ཡོད་འདུགཨར་མ་ནེ་ཡའི་དུས་དེབ(EVE REPORT)ཁང་གི་སྤྱི་ཁྱབ་འགན་འཛིན་མཱ་རེ་ཡ་ཊི་ཊི་ཛེན་(Maria Titizian)གྱིས། ཕྱི་ལོ་ ༢༠༡༥ ལོར་ཨར་མ་ནེ་ཡའི་བཅའ་ཁྲིམས་ལ་བསྐྱར་བཅོས་གཏོང་སྐབས། སྐབས་དེའི་སྲིད་འཛིན་ལས་ཐོག་སར་གྷི་ཡན་གྱིས་རང་ཉིད་སྲིད་བློན་གྱི་འོས་མིར་ལངས་རྒྱུ་མིན་པའི་ཁས་ལེན་དམ་བཅའ་བཞག་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་སྲིད་འཛིན་དུས་ཡུན་གཉིས་པ་རྫོགས་མ་ཐག གཞུང་འཛིན་སྤྱི་མཐུན་སྲིད་དོན་ཚོགས་པས་ཁོ་རང་སྲིད་བློན་གྱི་འོས་མིར་བདམས་ཏེ་གྲོས་ཚོགས་ནང་རྒྱལ་ཁ་ཐོབ་ཡོད་པ་དང་། འདི་ནི་ཨར་མ་ནེ་ཡ་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་མགོ་འཁྲིད་ཐེངས་གསུམ་བྱས་པ་དང་པོ་དེ་རེད། ཅེས་བརྗོད་འདུག

སར་གྷི་ཡན་ནི་ཨར་མ་ནེ་ཡའི་དམག་ཟུར་ཞིག་ཡིན་པ་དང་། ཕྱི་ལོ ༢༠༠༧ ནས་ ༢༠༠༨ བར་སྲིད་བློན་ལས་ཁུངས་སུ་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ ༢༠༠༨ ནས་ཟླ་འདིའི་ཕྱི་ ༩ བར་རྒྱལ་ཁབ་ཀྱི་སྲིད་འཛིན་ཐེངས་གཉིས་རིང་བྱས་མྱོང་ཞིང་།  ཞི་རྒོལ་གསར་བརྗེའི་ལས་འགུལ་བ་ཚོས་སར་གྷི་ཡན་ནི་ཨར་མ་ནེ་ཡའི་བཅའ་ཁྲིམས་ལས་བརྒལ་བའི་ཆབ་སྲིད་པ་ཙམ་མ་ཟད། ཁོས་སྲིད་དབང་བློས་མ་བཏང་བར་དེ་སྔ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བསྐྱར་དུ་ཨར་མ་ནེ་ཡའི་ནང་ལག་བསྟར་བྱེད་ཀྱིན་ཡོད་པར་ངོས་འཛིན་བྱས་ཏེ། གཞུང་ནི་མི་མང་གི་ཡིན་པ་ལས་མི་སྒེར་གཅིག་གི་མིན་པ་དང་། དེ་བཞིན་དབང་ཆའང་མི་མང་ལ་ཡོད་པ་ལས་མི་སྒེར་གཅིག་ལ་མེད་སྐོར་སོགས་ཀྱི་འབོད་ཚིག་སྒྲོག་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༡༨

Leave a Reply