མཚོ་སྔོན་ནས་སྣུམ་རླངས་གཏེར་ཚུགས་ཆེན་པོ་ལྔ་རྙེད་འདུག

ཟླ་འདིའི་ཕྱི་ཚེས་༡༨ ཉིན་མཚོ་སྔོན་སྣུམ་ཞིང་བཟོ་གྲྭ་ཞེས་པ་ཞིག་གིས་ལོ་ངོ་མང་པོའི་རིང་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་མཚོ་སྔོན་ཚྭ་མང་མཚེའུ་གཞོང་ནས་སྣུམ་རླངས་ཏུན་དུང་ཕྱུར་མང་པོ་ཡོད་པའི་གཏེར་ཚུགས་ ༥ རྙེད་ཡོད་ཅེས་བསྒྲགས་འདུག

རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱི་ལོ ༡༩༥༤ ལོ་ནས་མཚོ་སྔོན་ཚྭ་འདམ་གཞོང་སའི་སྣུམ་རླངས་རྩད་ཞིབ་བྱ་བའི་མགོ་བརྩམས་ཡོད་པ་དང་། ལོ་རབས་ ༥༠ པ་དང་༧༠ ནང་སྔ་གཞུག་ཏུ་འཁྱག་མཚེའུ་(冷湖) གྭ་ཟི།(尕斯) སེ་པེ་(涩北)སོགས་སྣུམ་རླངས་ཞིང་ས་ཁག་གཅིག་རྙེད་ཡོད་ན་ཡང་། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཡིན་པ་དང་། ས་གཤིས་གནས་ཚུལ་རྙོག་འཛིང་ཆེ་བས་ས་ངོས་ཀྱི་ཆ་རྐྱེན་དཀའ་ཚེགས་ཆེ་བ་སོགས་ཀྱིས་ལས་གྲྭའི་ལག་རྩལ་ལ་དཀའ་ངལ་འཕྲད། དེའི་རྗེས་ཀྱི་ལོ་ ༣༠ ནང་རྩད་ཞིབ་རྒྱུན་མཐུད་བྱེད་ཐུབ་མེད་ན་ཡང་། ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་གི་རྡོ་སྣུམ་ས་ཚིགས་ཀྱིས་རྒྱལ་ཁབ་ཀྱི་ཐོན་ཁུངས་བདེ་འཇགས་འགན་སྲུང་ཆེད་ཚྭ་འདམ་གཞོང་སའི་གཏེར་ཁ་རྩད་ཞིབ་ཆེད་དམིགས་བསལ་ལག་རྩལ་བ་མི་གྲངས་ ༡༠༠༠ ལྷག་གིས་གཏེར་ཁ་རྩ་ཞིབ་བྱས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ལོ་མང་སྔོན་ནས་བོད་ས་ཡོངས་སུ་གཏེར་ཁ་འདྲ་མིན་རྩད་ཞིབ་བྱས་ཡོད་པ་དང་། འབྲོག་ཕྱོགས་ཀྱི་རྩྭ་ཐང་ཆེན་པོ་ཁག་ཏུ་འཕྲུལ་རིགས་ཀྱི་ལག་རྩལ་འདྲ་མིན་སྤྱད་དེ་ས་བརྐོ་རྡོ་སློག་བྱེད་ཀྱི་ཡོད་པ་རེད་ལ། ཉེ་སྔོན་ནས་རྒྱ་གཞུང་གིས་མཐོ་སྒང་སྣུམ་རླངས་ས་ཞིང་འཛུགས་སྐྲུན་ཐོན་ཁུངས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། འཛམ་གླིང་ལ་ད་སྔ་བྱུང་མ་མྱོང་བའི་མཐོ་སྒང་རི་ཁུལ་གྱི་གཏེར་ཁ་བརྐོ་བའི་ལག་རྩལ་ཡར་རྒྱས་བཏང་ཡོད་པ་དང་། གཏེར་ཁའི་ཐོན་ཁུངས་ཀྱིས་ཡུལ་མིའི་འཚོ་བ་དང་དཔལ་འབྱོར་ཡར་རྒྱས་གཏོང་གི་ཡོད་སྐོར་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།

མཚོ་སྔོན་སྣུམ་ཞིང་བཟོ་གྲྭའི་སྤྱི་ཁྱབ་འགན་འཛིན་ས་གཤིས་རིག་པ་བ་ལིའུ་ཡུན་ཐེན་ཟེར་བ་ཞིག་གིས། མཚོ་སྔོན་སྣུམ་ཞིང་ས་ཚིགས་ནི་བོད་ཁུལ་གྱི་གཞི་ཁྱོན་ཆེས་ཆེ་བའི་སྣུམ་རླངས་ཐོན་སྐྱེད་རྟེན་གཞི་ཁོ་ན་དེ་ཡིན་པ་དང་། སྣུམ་རླངས་གཏེར་ཁ་གསར་རྙེད་བྱུང་བ་ལ་བརྟེན་ནས་ཀན་སུའུ་དང་མཚོ་སྔོན། བོད་ལྗོངས་བཅས་ཀྱི་ས་ཁུལ་ཁག་གི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་རྒྱས། རྒྱལ་སྲུང་དང་མཐའ་མཚམས་འཛུགས་སྐྲུན་བཅས་ཀྱི་ཐད་ལ་དམིགས་བསལ་གྱིས་གྲུབ་འབྲས་ཐོན་ཡོད་པ་དང་། རང་བྱུང་སོལ་རླངས་ཀྱི་ཐོན་ཚད་ཆེ་རུ་སོང་བ་དེས་མཚོ་སྔོན་དང་བོད་ལྗོངས། ཀན་སུའུ་སོགས་ས་ཁུལ་ཁག་གི་ཡུལ་མི་ཁྲི་༡༠༠༠ལྷག་ཙམ་ལ་ཕན་ཐོགས་བྱུང་ཡོད་པ་མ་ཟད། ། ལྷག་པར་དུ་རང་བྱུང་སོལ་རླངས་ཀྱི་ནུས་ཁུངས་གཙང་མས་མཚོ་སྔོན་གྱི་གཙང་གསུམ་ཆུ་མགོ་དང་། མདོ་ལ་རིང་མོ། དེ་བཞིན་མཚོ་བོད་ས་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་མ་ལག་སྲུང་སྐྱོང་ཐུབ་ཡོད་སྐོར་བརྗོད་འདུག

འདས་པའི་ལོ་མང་རིང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་ཆེད་དཔལ་འབྱོར་འདུ་འགོད་ཆེ་བའི་ས་གནས་ཁག་ཡུལ་མིའི་ལག་ནས་བཙན་གྱིས་འཕྲོག་པར་བརྟེན། མི་མང་གིས་ཞུ་གཏུག་ངོ་རྒོལ་བསྟུད་མར་བྱས་ཏེ་རང་ས་སྲུང་སྐྱོབ་བྱེད་པར་འབད་བརྩོན་གནང་ཡོད་ཀྱང་། ཕན་འབྲས་ཐོན་རྒྱུ་ཕར་ཞོག་ཞི་རྒོལ་བ་མང་པོ་འཛིན་བཟུང་བཙོན་འཇུག་དང་། བཀག་ཉར་གཅར་རྡུང་བྱས་ཡོད་པ་དང་། འདི་ལོ་ནས་རྒྱ་ནག་གཞུང་གིས་ནག་ཚོགས་གཤེད་བཅོམ་ཞེས་པའི་ལས་འགུལ་སྤེལ་ཏེ་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས་ངོ་རྒོལ་བྱེད་མཁན་ཚོར་ཐག་གཅོད་ནན་མོ་གཏོང་རྒྱུ་ཡིན་པའི་བཀའ་རྒྱ་ཡང་བསྒྲགས་ཡོད་པ་རེད།

བོད་ཁུལ་དུ་གཏེར་ཁ་སྔོན་འདོན་ཤུགས་ཆེན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡུལ་མིའི་འཕྲོད་བསྟེན་ལ་གནོད་པ་དང་། ཕྱུག་ཟོག་མང་པོར་ནད་མནར་འཆི་རྐྱེན་བྱུང་བའི་གནས་ཚུལ་རིམ་པར་ཐོན་ཡོད་པ་རེད་ལ། ཁོར་ཡུག་ཞིབ་འཇུག་པ་ཚོས་བརྗོད་ན། ད་ལྟ་བོད་ནང་གི་ཛ་དྲག་ཆེ་བའི་ཁོར་ཡུག་གནད་དོན་གཅིག་ནི། འབྲོག་ཁུལ་གྱི་ས་ཆ་མང་པོ་བྱེ་ཐང་ཅན་དུ་འགྱུར་བཞིན་ཡོད་པ་དེ་ཡིན་འདུག

འདས་ལོར་འདི་གའི་གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་ལ་བཅར་འདྲི་བྱེད་སྐབས་ཁོང་གིས། བོད་ཀྱི་རྩྭ་ཐང་བྱེ་ཐང་དུ་འགྱུར་བའི་གནད་དོན་དེ་ཧ་ལས་པའི་ཛ་དྲག་ཆེ་ཤོས་དང་། མ་འོངས་པར་བོད་མཐོ་སྒང་ལ་དཀའ་ངལ་ཆེ་ཤོས་སྤྲོད་མཁན་ཞིག་ཆགས་ས་རེད་བསམ་གྱི་འདུག དེ་ག་འདྲ་ཆགས་ཀྱི་འདུག་ལབ་ན། ང་རང་ཚོ་བོད་ཀྱི་ལོ་རྒྱུས་ནང་བལྟས་པ་ཡིན་ན་སྟོད་མངའ་རིས་སྐོར་གསུམ་གྱི་ད་ལྟའི་གནས་སྟངས་དེ་འདས་པའི་ལོ་རྒྱུས་ནང་ཆགས་སོང་བ་ཞིག་རེད་མ་གཏོགས་ཐོག་མ་ཉིད་ནས་བྱེ་ཐང་དང་ས་རྒོད་ཅིག་མ་རེད། རྩྭ་ཐང་དེ་ཉམས་ནས་རིམ་གྱིས་བྱེ་ཐང་དུ་འགྱུར་སོང་ན་མིའི་འཚོ་བ་དང་དཔལ་འབྱོར། རིག་གནས་སོགས་ཡོངས་སུ་རྫོགས་པ་ཉམས་འགྲོ་ཡི་ཡོད་པ་རེད། ད་ལྟའི་ཆར་བོད་མདོ་སྨད་ཀྱི་ས་ཆ་ཕལ་ཆེ་བ་དང་མདོ་སྟོད་ཀྱི་ཆ་ས་མང་པོ་ཞིག་རིམ་གྱིས་བྱེ་ཐང་དུ་འགྱུར་བཞིན་ཡོད་པ་རེད། ཞིབ་འཇུག་པ་ཚོས་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་མཚོ་སྔོན་ཞིང་ཆེན་ནི་བྱེ་ཐང་དུ་འགྱུར་བ་ཚབས་ཆེ་ཤོས་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད་ལ། བྱེ་ཐང་དུ་འགྱུར་ཚད་སྔར་དང་མི་འདྲ་བར་དཔེ་མི་སྲིད་པའི་ཤུགས་ཆེན་པོ་རེད། རྩྭ་ཐང་དེ་བྱེ་ཐང་དུ་འགྱུར་སོང་ན་མིས་འཚོ་བ་སྐྱེལ་བར་རང་བཞིན་གྱིས་དོ་ཕོག་ཡོང་བ་དང་། མིའི་འཚོ་བ་ལ་དོ་ཕོག་བྱུང་ན་རིག་གནས་སོགས་གང་ཅིའི་ཐད་ནས་རིམ་གྱིས་ཡོངས་སུ་རྫོགས་པ་ཉམས་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད། མ་འོངས་པར་མི་འཚོ་སྡོད་བྱེད་ཐུབ་ཀྱི་རེད་དང་མ་རེད་ཟེར་བའི་དཀའ་ངལ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༡༩

Leave a Reply