དམག་ཆེན་གཉིས་པའི་འགད་རྫས་ཆེན་པོ་ཞིག་རྙེད།

འཇར་མན་གྱི་རྒྱལ་ས་བྷིར་ལིན་གྱི་ལྟེ་གནས་ཤིག་ནས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་གས་འཐོར་བྱུང་མ་ཐུབ་པའི་འགད་རྫས་ཆེན་པོ་ཞིག་རྙེད་ཡོད་པས་མཐའ་འཁོར་གྱི་མི་མང་པོ་གནས་གཞན་དུ་སྤོར་དགོས་བྱུང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་འཇར་མན་རྒྱལ་ས་བྷིར་ལིན་(Berlin)གྱི་འཛུགས་སྐྲུན་བཟོ་ལས་པས་དམག་ཆེན་གཉིས་པའི་སྐབས་དབྱིན་གཞུང་གིས་གཡུགས་པའི་སྤྱི་རྒྱ་ ༥༠༠ ཅན་གྱི་འགད་རྫས་ཤིག་ས་འོག་ནས་རྙེད་སོན་བྱུང་ཡོད་པ་དང་། དེ་རིང་ས་གནས་དེའི་ཞོགས་པ་ཆུ་ཚོད་ ༩ ནས་བཟུང་འགད་རྫས་དེའི་ཉེ་འཁོར་གྱི་མེ་ཊིར་ ༨༠༠ ནང་ཚུད་པའི་མི་རྣམས་གནས་གཞན་དུ་སྤོར་གྱི་ཡོད་པ་དང་། ཉིན་གུང་ཙམ་ལ་ཆེད་མཁས་པས་འགད་རྫས་དེ་ནུས་མེད་བཟོ་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། ད་ལྟའི་ཆར་ག་དུས་ནུས་མེད་བཟོ་ཐུབ་ཀྱི་ཡོད་མེད་གསལ་ཆ་མེད་པ་རེད།

ས་གནས་ཉེན་རྟོག་པས་བརྗོད་ན། བདེ་འཇགས་ཆེད་གནས་སྤོར་བྱས་པའི་ཁོངས་སུ་དབུས་མེ་འཁོར་འབབ་ཚུགས་དང་དམག་སྨན་ཁང་། དཔལ་འབྱོར་ལས་ཁུངས་དང་འགྲིམས་འགྲུལ་ལྷན་ཁང་། ཨིན་དུ་ཉི་ཤི་ཡ་དང་ཨུ་ཛུ་བྷེ་ཁི་སི་ཐན་གྱི་གཞུང་ཚབ་ཁང་སོགས་ཀྱི་མི་ཡོད་འདུག་ལ། མེ་འཁོར་ནང་འགྲོ་མཁན་འགྲུལ་བ་དང་ནད་པ་རྣམས་ལ་དཀའ་ངལ་ཅུང་འཕྲད་རྒྱུ་ཡིན་འདུག

ལོ་རེར་འཛམ་གླིང་གི་འགྲུལ་བ་ས་ཡ་ ༢༡ ཙམ་འགྲོ་འོང་བྱེད་བཞིན་པའི་རྒྱལ་སྤྱིའི་ཊི་གྷུལ་གནམ་ཐང་(Tegel Airport)འགད་རྫས་རྙེད་ཡུལ་ནས་སྤྱི་ལེ་ ༧ ཙམ་གྱི་སར་ཡོད་པ་དང་། གནམ་ཐང་དེ་ནས་རྒྱུན་ལྡན་ལྟར་འགྲུལ་བ་འགྲོ་འོང་བྱེད་ཀྱི་ཡོད་ཀྱང་། འགད་རྫས་དང་ཐག་ཉེ་བའི་ལམ་ཁ་རྣམས་བཀག་སྟེ་འགྲུལ་སྐྱེལ་རླངས་འཁོར་དང་གླ་འཁོར་སོགས་ཀྱི་ནང་ས་ཐག་རིང་པོ་སྐོར་ནས་འགྲོ་དགོས་པ་ཆགས་ཡོད་འདུག

འཛམ་གླིང་དམག་ཆེན་གཉིས་པ་མཚམས་བཞག་ནས་ལོ་ངོ་ ༧༠ ལྷག་ཙམ་འགྲོ་བཞིན་ཡོད་ཀྱང་། སྐབས་དེར་གས་འཐོར་མ་ཐུབ་པའི་འགད་རྫས་ཆེ་ཆུང་འདྲ་མིན་མང་པོ་རྙེད་ཀྱི་ཡོད་པ་དང་། ལྷག་པར་དུ་དམག་ཆེན་གཉིས་པའི་སྐབས་ཀྱི་གཡུལ་ས་དག་ནས་འགད་རྫས་མང་པོ་རྙེད་དེ་ཛ་དྲག་ངང་ས་གནས་མི་མང་སྟོང་ཕྲག་མང་པོ་གནས་སྤོར་དགོས་བྱུང་ཡོད་འདུག དམག་ཆེན་གཉིས་པའི་མགོ་འཛུགས་ས་འཇར་མན་ནང་ལོ་རེར་ནུས་པ་མ་ཉམས་པའི་འགད་རྫས་དང་གོ་ལག་ཊོན་ ༢༠༠༠ ཙམ་རེ་ས་འོག་ནས་རྙེད་བཞིན་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༤/༢༠

Leave a Reply

One thought on “དམག་ཆེན་གཉིས་པའི་འགད་རྫས་ཆེན་པོ་ཞིག་རྙེད།

  1. གཞུང་པ་ཚེ་དབང་བསོད་ནམས་།

    ལྟས་ངན་རིག་པས་འཇིག་རྟེན་ཉེན་ཁར་བཅུག་།
    ཆབ་སྲིད་མི་སྣའི་ཡུལ་མིའི་བདེ་སྐྱིད་འཕྲོག་།
    མཁས་སྙན་རིག་པས་མི་མང་རྨོངས་དུ་བཅུག་།
    ཀོར་ཟན་རིག་པས་སྤྱི་ཚོགས་དམྱལ་བར་བཅུག་།