བྱང་ཀོ་རི་ཡས་རྡུལ་ཕྲན་ཚོད་ལྟ་མཚམས་འཇོག་རྒྱུ་ཡིན་ཟེར།

བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གྱིས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་མཚམས་བཞག་སྟེ་བྱང་ཀོ་རི་ཡའི་དཔལ་འབྱོར་ཡར་རྒྱས་དམིགས་འབེན་དུ་འཛིན་རྒྱུ་ཡིན་ལུགས་བཤད།དེ་རིང་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་གིས། ཟླ་འདིའི་ཕྱི་ཚེས་༢༡ ཉིན་ནས་བཟུང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཚང་མ་མཚམས་འཇོག་རྒྱུ་ཡིན་པ་དང་། ཐག་གཅོད་དེ་ནི་ལྷོ་བྱང་ཀོ་རི་ཡའི་ཞི་མཐུན་དང་བྱང་ཀོ་རི་ཡའི་དཔལ་འབྱོར་ཡར་རྒྱས་སོགས་ཀྱི་ཆེད་དུ་ཡིན་པ་དང་། ད་ནས་བཟུང་བྱང་ཀོ་རི་ཡའི་སྲིད་གཞུང་དང་རྒྱལ་ཡོངས་མི་མང་ཚང་མའི་དམིགས་འབེན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

གནད་དོན་དེའི་ཐད་ཨ་རིའི་སྲིད་འཛིན་ཊོམ་ཕུས་སྤྱི་ཚོགས་དྲ་ལམ་ཊེ་ཊིར་སྟེང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་རིགས་ཚང་མ་མཚམས་འཇོག་རྒྱུ་ཡིན་པ་དང་ལེན་བྱས་སོང་ལ། དེ་ནི་བྱང་ཀོ་རི་ཡ་དང་འཛམ་གླིང་ལ་མཚོན་ན་གནས་ཚུལ་ཧ་ཅང་ཡག་པོ་ཞིག་དང་མདུན་སྐྱོད་ཆེན་པོ་ཞིག་རེད། ང་ཚོས་ཐུག་འཕྲད་མགྱོགས་པོ་བྱེད་པར་རེ་བ་རྒྱག་གི་ཡོད། ཅེས་གསུངས་འདུག

བདུན་ཕྲག་རྗེས་མའི་ནང་ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ཇྰ་དང་ཀེམ་ཇོན་ཨན་གཉིས་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། དེ་རིང་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་མགྲིན་ཚབ་པ་ཀེམ་ཡས་ཁོང་(Kim Eui-kyeom)གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་མཚམས་འཇོག་གི་ལས་དོན་དེ་ནི་དོན་སྙིང་ལྡན་པའི་མདུན་སྐྱོད་ཅིག་ཡིན་པ་དང་། གནད་དོན་དེས་མི་རིང་བར་ལྷོ་བྱང་ཀོ་རི་ཡ་དང་ཨ་རིའི་མགོ་འཁྲིད་ཐུག་འཕྲད་ལེགས་འགྲུབ་ཡོང་བའི་བཟང་ཕྱོགས་ཀྱི་ཁོར་ཡུག་ཅིག་སྐྲུན་ཡོད་པ་རེད། ཅེས་བརྗོད་འདུག

བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་མཚམས་འཇོག་དང་ལྷོ་བྱང་ཀོ་རི་ཡ་གཙོའི་ཨ་རི་སོགས་ཀྱི་འབྲེལ་ལམ་བཟང་ཕྱོགས་སུ་འགྲོ་བཞིན་པར་རྒྱལ་སྤྱིའི་སྟེང་ནས་ཀེམ་ཇོང་ཨན་ལ་བསྔགས་བརྗོད་བྱེད་མཁན་མང་པོ་ཡོང་གི་ཡོད་ཀྱང་། སྲིད་དོན་ཉམས་ཞིབ་པ་ཚོས་ཀེམ་གྱི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་མཚམས་འཇོག་གི་ཐག་གཅོད་དེ་ནི་དོན་དངོས་སུ་ཕན་ཚུན་གྱི་ཞི་མཐུན་ལ་དམིགས་པ་མ་ཡིན་པར། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ལེགས་འགྲུབ་ཆེན་པོ་བྱུང་སྟེ། ད་ལྟ་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ལ་ཤུགས་སྣོན་མི་དགོས་པ་ཆགས་ཡོད་པས། ཀེམ་གྱི་དམིགས་ཡུལ་ངོ་མ་ནི་བྱང་ཀོ་རི་ཡའི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དེ་ཡིན་སྐོར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་བྱང་ཀོ་རི་ཡས་བསྟུད་མར་རྡུལ་ཕྲན་མཚོན་ཆ་མང་པོ་ཚོད་ལྟ་བྱས་པར་བརྟེན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཉེས་ཆད་དང་བྱང་ཀོ་རི་ཡའི་དངོས་ཟོག་ཕྱིར་འདྲེན་མི་ཆོག་པའི་བཀག་སྡོམ་རིམ་པ་ཞིག་ལག་བསྟར་བྱས་ཏེ། བྱང་ཀོ་རི་ཡའི་དཔལ་འབྱོར་ལ་ཉམས་ཉེས་ཆེན་པོ་བྱུང་ཡོད་འདུག ཡིན་ནའང་། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་མུ་མཐུད་དུ་བྱས་ཏེ་འདས་པའི་ལོ་ཤས་ནང་ལྷོ་བྱང་ཀོ་རི་ཡ་དང་ཨ་རིའི་འབྲེལ་ལམ་ཧ་ཅང་ཉེན་ཚབས་ཅན་དུ་གྱུར་ཡོད་པ་དང་། བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན་རྡུལ་ཕྲན་མཚོན་ཆ་མང་ཆེ་བ་ཞིག་ལེགས་འགྲུབ་བྱུང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༢༡

Leave a Reply

One thought on “བྱང་ཀོ་རི་ཡས་རྡུལ་ཕྲན་ཚོད་ལྟ་མཚམས་འཇོག་རྒྱུ་ཡིན་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཡི་ཆེས་འདོག་ལ་སོ་སོའི་སྒོ་མཚོན་ཆ་ཚང་སྒྲ་སྒྲིག་བྱས་ཚར་ནས་མཚམས་བཞག་གི་ཡིན་ཟེར་བའི་སྐད་ཆ་དེའཛམ་གླིང་མི་མང་
    ལྐུགས་བཟོ་རྒྱུའི་སྐད་ཆ་མ་རེད་དམ་ཧཧཧཧཧ