སྤྱི་འཐུས་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟ།
ཆེས་བཀུར་བར་འོས་པའི་གཞིས་བཞུགས་རྒྱ་ཆེ་མི་མང་དང་། བྱེ་བྲག་གུས་པའི་ཕ་ཡུལ་མདོ་སྨད་ཀྱི་སེར་སྐྱ་ཕོ་མོ་རྒན་གཞོན་ཡོངས་ལ་ཞུ་རྒྱུར། མཚུངས་ཟླ་མེད་པའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་རླབས་ཆེན་མཛད་འཕྲིན་དང་། ལམ་སྟོན་དགོངས་གཞི་ཉག་ཅིག་ལ་བརྟེན་ནས། རང་ཅག་བོད་ཅེས་པའི་མི་རིགས་འདི་ཡང་འཛམ་གླིང་ཧྲིལ་བོའི་སྤྱི་ཚོགས་དང་ཤེས་རིག་གི་བང་མཛོད། ཆབ་སྲིད་ཀྱི་སྡིངས་ཆ་བཅས་སུ་མེད་པ་ནས་ཡོད་པ། ཡོད་པ་ནས་ཡོད་ལུགས་གཞན་དང་མི་མཚུངས་པའི་ལམ་ནས་གསལ་བར་མཛད་དེ་བོད་ཀྱི་དངོས་ཡོད་གནས་ཚུལ་ཕྱོགས་ཡོངས་ནས་ཉི་ཤར་སྦར་མོས་མི་ཁེབས་པའི་ཚུལ་དུ་གྱུར་ཡོད། བོད་ཀྱི་རིག་གཞུང་དང་དེ་གང་དུ་བྲིས་པའི་བོད་ཀྱི་སྐད་ཡིག དེས་བསྐྱེད་པའི་བོད་མིའི་འདུ་ཤེས་དང་ཡུལ་གོམས་གཤིས་ལུགས་སྲ་བརྟན་དུ་ཆགས་པའི་བོད་མི་རིགས་འདི་ཉིད་འཛམ་གླིང་སྤྱིའི་བདེ་རྩར་ཞབས་འདེགས་ཐུབ་མཁན་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ཀྱི་ཐུན་མིན་མི་སྡེ་ཞིག་ཡིན་པ་རིགས་པའི་ལམ་ནས་གསལ་ར་སྤྲད་ཡོད། ལྷག་པར་དུ་བོད་ཀྱི་རིག་གཞུང་དང་དེ་འཛིན་པའི་མི་རིགས་དང་བཅས་པ་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ཡོད་པའི་ཁེ་ཕན་དང་། མེད་པའི་གྱོང་གུད་གསལ་གསུང་གནང་བར་རྒྱལ་སྤྱིའི་སྟེང་གི་ཆེ་རྒུ་ཕལ་མོ་ཆེས་ཁས་ལེན་གཙང་མ་ཞུ་བཞིན་མཆིས། བོད་ཀྱི་རིག་གཞུང་ལ་ཨ་ཕའི་ཁ་ཕོར་གཙང་ཞེན་ཙམ་མིན་པར་རིག་གཞུང་གཞན་དང་དཔུང་པ་མཉམ་གཤིབ་ཐུབ་ཀྱི་ཡོད་པ་གསར་འགྱུར་བཀག་སྡོམ་ཆེ་བའི་རྒྱ་ནག་ཙམ་མ་གཏོགས། འཛམ་གླིང་ནང་ཡོངས་གྲགས་ཆགས་ཟིན་པས། བོད་མི་ཚོས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་བདག་གཅེས་ཞུ་ཕྱོགས་ནི་༸གོང་ས་མཆོག་གི་ལམ་སྟོན་དགོངས་གཞི་དང་ངེས་པར་དུ་མཐུན་པ་ཞིག་ཡོང་གལ་ཆེ་ཞིང་། དེ་ལྟར་ཡོང་ཐུབ་ན་བོད་མིའི་མདུན་ལམ་ཡང་རང་རྒྱལ་གཞན་ཕམ་དང་། ཁྱོད་ཤི་ང་གསོན་གྱི་བསམ་ཚུལ་གྱི་འོག་ཏུ་འགྲོ་དགོས་དོན་གང་ཡང་མེད། ༸གོང་ས་མཆོག་གིས་དུས་རབས་ཕྱེད་ལྷག་རིང་གི་ཐུགས་མྱོང་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། གཅིག བོད་མི་རིགས་ལ་འཁྲི་བའི་འཇིག་རྟེན་ཡོངས་ཁྱབ་ཀྱི་འགན་འཁུར་དང་། གཉིས། རྒྱ་བོད་བར་ལྷགས་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས། གསུམ། བོད་མི་ནང་ཁུལ་གྱི་མཐུན་ལམ་དམ་ཚིག་གཅིག་ཏུ་སྒྲིལ་ཕྱོགས་བཅས་ཀྱི་གོ་རིམ་དང་ཐབས་ཚུལ་རྣམས་ཡང་ཡང་གསུང་ཡོད་ཀྱང་། ད་དུང་རང་ཅག་ཚང་མར་གསལ་བོ་མ་ངེས་པ་ལྟ་བུའི་རྣམ་པ་གང་སར་མཐོང་རྒྱུ་འདུག་པ་འདི་དག་ལ་ངེས་པར་དུ་བསམ་ཞིབ་ནན་ཏན་དགོས་པ་ཡིན།
བོད་ཀྱི་མིང་ཙམ་གྱི་གོ་བ་དང་དེའི་རྩ་དོན་ཆོལ་གསུམ་འཛིན་སྐྱོང་གཅིག་གི་རང་སྐྱོང་བསྒྲུབ་རྒྱུ་གང་ཅིར། རྒྱལ་སྤྱིའི་སྟེང་ངེས་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་ཁོ་ནའི་མཚན་དང་གཟི་བརྗིད་ལ་བརྟེན་དགོས་པ་ནི་འཛམ་གླིང་ཀུན་གསལ་ཆགས་པའི་དངོས་ཡོད་གནས་ཚུལ་ཞིག་རེད། བོད་ཀྱི་རྩ་དོན་སྒྲུབ་པའི་ལམ་ཁ་ཚད་ལྡན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་སྤྱི་དང་། བྱེ་བྲག་བོད་ཀྱི་མི་ཚང་གཅིག་གི་བདེ་སྡུག་གནས་ཚུལ་ལ་རོགས་རམ་བྱེད་མཁན་ཚུན་གྱི་རྒྱབ་སྐྱོར་བྱེད་དོན་ནི་༸གོང་ས་ཏཱ་ལའི་བླ་མའི་མི་མང་ཡིན་པ་ཁོ་ནས་རེད་འདུག རང་རེའི་གཞུང་སྐྱབས་བཅོལ་དུ་འབྱོར་བ་ནས་རྒྱ་གར་གཞུང་གིས་༸གོང་ས་མཆོག་དམིགས་བསལ་སྐུ་མགྲོན་དུ་ངོས་འཛིན་བྱས་པ་ཕུད། ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་མཚོན་ཤར་ནུབ་འབྲེལ་ཆགས་རྒྱལ་ཁབ་ཚང་མས་བོད་ཀྱི་གནད་དོན་ནི་’’རྒྱ་ནག་གཅིག་གམ་ཀྲུང་གོའི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་’’པའི་ངོས་འཛིན་ལ་འགྱུར་བ་གང་ཡང་བཏང་མེད། རྒྱལ་སྤྱིའི་ངོས་འཛིན་དང་རྒྱ་ནག་གི་དབང་བསྒྱུར་ཟིལ་ཤུགས་ལ་ལྟོས་ཚེ་བོད་ཀྱི་ཚབ་ཏུ་མི་རིགས་གཞན་ཞིག་ཡོད་ཚེ། དེ་ཕལ་ཆེར་མན་ཇུ་མི་རིགས་ལྟར་རྩ་མེད་ཆགས་ཟིན་པ་གསལ་པོ་རེད། འོན་ཀྱང་བོད་མ་ཤི་བ་ཙམ་མིན་པར་རང་གི་ངོས་འཛིན་རིག་གཞུང་དང་སྐད་ཡིག་གཙོས་ཁྱད་ཡོན་རྣམས་འཛམ་གླིང་སྟེང་ནག་བསུབ་གཏོང་མི་ཐུབ་པར་གྱུར་བ་འདི་ནི། ༸བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸རྒྱལ་མཆོག་ཐམས་ཅད་མཁྱེན་པ་༸བསྟན་འཛིན་རྒྱ་མཚོའི་རླབས་ཆེན་མཛད་རྗེས་ལ་བརྟེན་ནས་བྱུང་བ་གོར་མ་ཆག་པས། མདོར་ན་བོད་གསོན་པོར་གནས་དགོས་ཚེ། གནས་པ་དོན་དང་ལྡན་པ་ཞིག་འབྱུང་དགོས་ཚེ། ༸གང་ཉིད་ཀྱི་དགོངས་གཞི་ལམ་སྟོན་ལྟར་འགྲོ་དགོས་པ་སྟོང་གསུམ་གྱི་མཁས་པ་ཀུན་ལ་དྲིས་ཀྱང་དེ་དེ་བཞིན་ནོ་ཞེས་བཀའ་ལན་རྩེ་མཐུན་དུ་གནང་ངེས་པས། རང་ཅག་གངས་ཅན་པ་རྣམས་ཀྱིས་ཀྱང་ངེས་པར་༸ཁོང་གི་དགོངས་གཞི་ལྟར་གཙོ་བོ་བོད་ཀྱི་རིག་གཞུང་དང་སྐད་ཡིག ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ངེས་པར་དུ་ངང་རིང་བརྩོན་འགྲུས་ཅན་གྱི་ཕུགས་སྨན་བརྟུལ་ཞུགས་དང་དུ་ལེན་དགོས་པ་སྨོས་མེད་ཡིན་སྟབས། གཞན་གྱི་ཚེ་སྲོག་འཕྲོག་པ་དང་རང་གི་ཚེ་སྲོག་གློ་བུར་དོར་ཏེ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཞུ་བ་ནི་དེང་གི་སྐབས་སུ་ནུས་པ་ཐོན་ངེས་ཀྱི་ཐབས་ལམ་ཞིག་མིན་པ་གསལ་བོ་རེད།
རང་གི་རིག་གཞུང་དང་སྐད་ཡིག་མི་ཚེར་ཧྲིལ་བོར་རང་གིས་སློབ་ཅིང་། གཞན་ལ་ཁྲིད་པ། དེའི་ཁྱད་ཡོན་རྣམས་རང་དང་རང་གི་བཟའ་མི། སྡེ་མི་ཀུན་ལ་ཤེས་སུ་འཇུག་པའི་ཆེད་སྐུ་ཚེ་ཡུན་རིང་བཞུགས་ཏེ་དུས་ཚོད་གཏོང་བ་ནི་ད་ལྟའི་བོད་ཀྱི་གནས་བབ་ལ་ཧ་ཅང་དགོས་ངེས་ཅན་གྱི་ཞབས་ཞུ་སྒྲུབ་སྟངས་བླ་ན་མེད་པ་ཞིག་རེད་ལ། ཚུལ་དེ་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་དང་མཐུན་པ་ཡང་ཞུ་ག་ལ་དགོས། བཤད་ན་མི་རྫོགས་པའི་རྒྱུ་མཚན་སྣ་མང་ལ་བརྟེན་ནས་རང་ལུས་མེར་སྲེག་གནང་བཞིན་པ་འདི་མཚམས་འཇོག་དགོས་གལ་མ་ཟད། སྐུ་དཀྱིལ་གསལ་ཐང་ངོས་བོད་ལ་ཞབས་ཞུ་གནང་སྐྱོང་ཡོང་བ་ཞེས་རེ་སྐུལ་དང་གསོལ་འདེབས་དྲག་པོ་ཞུ་རྒྱུ་དང་སྦྲགས་གཤམ་འཁོད་དོན་གནད་རྣམས་ཀྱང་དེའི་རྒྱབ་སྣོན་དུ་ཞར་བྱུང་གི་ཚུལ་དུ་གསེར་སྙན་སྒྲོན་འབུལ་ཞུ་རྒྱུ་ཡིན།
གཅིག གུས་པ་དེ་སྔ་མི་མང་དཀྱུས་མའི་གནས་བབ་ཐོག་ཡོད་དུས་ནས་རང་སྲེག་གནད་དོན་ཐད་ཆབ་སྲིད་འགོ་ཁྲིད་ཚོས་རྗེས་དཔོག་ཐུབ་པའི་ལམ་སྟོན་ཚད་ལྡན་གནང་དགོས་པའི་རེ་འདུན་ཐེངས་མང་ཡིག་ངག་གཉིས་ནས་ཞུས་ཟིན་པ་དོན་འབྲས་མ་སོན་ཡང་། ད་ནི་གུས་པ་ཡང་མི་མང་གིས་འོས་འདེམས་ཀྱིས་ཆབ་སྲིད་འགན་ཁུར་བའི་ཁྲོད་བསྐྱལ་ཟིན་པས། སྲེག་བཞིན་པའི་ཚེ་སྲོག་དེ་དག་ལ་དམིགས་བསལ་འགན་ཁུར་ཞུ་དགོས་པ་བརྗོད་མེད་རེད། འགན་ཁུར་བ་ཞིག་ཡིན་པའི་ཆ་ནས་མི་མང་ལ་རྩ་དོན་ཐད་རེ་འདུན་དང་ལམ་སྟོན་སྦ་གསང་མེད་པར་ཞུ་དགོས་པ་མང་གཙོའི་རིང་ལུགས་ཀྱི་ཁྱད་ཆོས་གཙོ་གྲས་ཤིག་ཡིན་པས། དེ་ལྟ་བུའི་འགན་ཁུར་བ་ཡོད་པའི་དགོས་པ་ནི་གནད་འགག་གི་སྐབས་སུ་མི་མང་ལ་ཁ་ཕྱོགས་སྟོན་མཁན་ཞིག་དང་། མི་མང་གི་བསམ་འདུན་ངོ་མ་ཇི་ཡིན་གཞན་ལ་བརྒྱུད་སྤྲོད་ཐུབ་མཁན་ཞིག་ཡིན་དགོས་པས། གོ་གནས་གཅིག་པུ་ཙམ་བཟུང་ནས་བསྡད་པ་མ་ཡིན་པར། བསམ་ཚུལ་གང་ཞུས་ལ་མི་མང་གིས་གསན་འཇོག་གནང་མིན་ལ་མ་ལྟོས་པར། རང་གི་བསམ་ཚུལ་དང་མི་མཐུན་ཕྱོགས་ཀྱི་དགག་བྱ་ལ་འཛེམས་ཟོན་གྱིས་མ་བསྡད་པར། གོ་གནས་ཐོག་ཉིན་གཅིག་ལས་སྡོད་སྐལ་བྲལ་ཡང་། མ་འོངས་ཕུགས་རྒྱང་རིང་པོའི་བོད་ཀྱི་མདུན་ལམ་ཆེད་བསམ་ཚུལ་གསལ་བོ་ཞུ་དགོས་པ་ནི་ཁས་བླངས་པའི་དམ་བཅའ་དང་ལོ་རྒྱུས་གཉིས་ཀར་འགན་འཁུར་བ་ཞིག་ཡིན་པ་ནམ་ཡང་བློ་ཕུག་ཏུ་གདེང་ཚོད་གསལ་བོ་ཡོད།
གཉིས།༸གོང་ས་མཆོག་གིས་’’རང་ལུས་མེར་སྲེག་ཐད་འགྲིགས་འདུག་ཅེས་ངོས་ནས་རྩ་བ་ནས་ཞུ་མི་ཐུབ། ཅི་ལྟར་ཞུའམ། ཡང་འགྲིགས་ཡོད་པ་མ་རེད་ཅེས་ཞུས་ན། ཁོང་ཚོའི་ཤུལ་ལུས་ནང་མི་རྣམས་སྙིང་རྗེ། དེའི་རྐྱེན་ངོས་རང་ཤི་བ་ནང་བཞིན་འདུག་གི་ཡིན་’’ཞེས་ཕྱག་གཡོན་གྱི་གོང་མཛུབ་ཞལ་ལ་སྦྱར་ཏེ་བཀའ་གནང་ཡོད། ང་ཚོས་གསལ་བོ་ཤེས་དགོས་པ་ཞིག་ནི། བོད་ཀྱི་ཆེད་དུ་རང་གི་སྲོག་གཅོད་པ་དང་གཞན་གྱི་སྲོག་འཕྲོག་པའི་ལམ་ཁ་གང་ལའང་༸གོང་ས་མཆོག་ཐུགས་མོས་མེད་པ་གསལ་བོ་རེད། ཁོང་གིས་རྒྱ་ནག་གི་དཔོན་ངན་སྡུག་རྩུབ་ཅན་ཚོའི་མ་རུང་བའི་བྱ་སྤྱོད་དང་དམིགས་ཡུལ་ངན་པ་ཐེར་འདོན་གནང་བ་ལས། དཔོན་རིགས་གང་ཟག་དེར་ནམ་ཡང་འཁོན་འཛིན་གནང་མྱོང་མེད་ལ་དགྲར་གཟིགས་མྱོང་མེད། རྒྱལ་སྤྱིའི་སྟེང་གི་དཀའ་རྙོག་ཅན་གྱི་གནད་དོན་གང་ཡང་འཚེ་མེད་ཞི་བ་དང་། གཉིས་སྨན་གྲོས་མོལ་གྱི་ལམ་ནས་ཐག་གཅོད་དགོས་ཞེས་ལན་བརྒྱ་ཕྲག་མང་པོ་གསུངས་ཟིན་ལ། བོད་ཀྱི་མ་འོངས་པའི་མདུན་ལམ་ཆེད་དུའང་རྒྱ་བོད་གཉིས་སྨན་གྱི་ཐབས་ཚུལ་ལམ་སྟོན་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞུང་གི་སྲིད་བྱུས་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གནང་རྒྱུར་ཡང་ཡང་གཏན་འབེབས་གསལ་སྟོན་གནང་ཡོད། སྲིད་བྱུས་འདིའི་སྙིང་དོན་ ༢༠༠༨ ལོར་རྒྱ་ནག་གཞུང་ལ་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།༽ཞེས་པ་ཕུལ་ཟིན། དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་ལྟ་གྲུབ་དང་འབྲུ་དོན་ཁག་ལ་གཞི་བཞག་སྟེ་བཟོས་ཡོད་པས། དེང་སྐབས་བོད་ནང་རང་རང་གི་རང་སྐྱོང་ལྗོངས་དང་། ཁུལ་དང་། རྫོང་དག་གི་ཁྲིམས་སྒྲིག་གཞིར་བཟུང་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག ཁོར་ཡུག་བདག་གཅེས་ཚུལ་བཞིན་བྱ་རྒྱུ་ནི་དུས་ལ་བབས་ཤིང་། ལམ་ཁ་དེ་ཕུ་ཐག་ཆོད་པ་ཞིག་འགྲིམ་རྒྱུར་ད་དུང་ཡང་མ་འདང་ས་ཤིན་ཏུ་མང་བས་ཤུགས་སྣོན་བརྒྱབ་དགོས།
གསུམ། གངས་ཅན་མཁས་པ་ཡོངས་ཀྱི་གཙུག་རྒྱན། བོད་ལ་བཀའ་དྲིན་གཞལ་མེད་མཁས་མཆོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེ་སྔ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་དབུ་ཁྲིད་གནང་སྐབས། བོད་ནང་གི་དཔའ་བོ་དཔའ་མོ་རྣམས་ཀྱིས་ཚེ་སྲོག་བློས་གཏོང་བྱས་པར་གྲུབ་འབྲས་ཐོབ་ཆེད། བོད་མི་ཚོས་བསྒྲུབ་དགོས་པའི་ལམ་སྟོན་དོན་ཚན་བཞི་སྟེ། ༡ བོད་སྤྱི་པའི་བསོད་ནམས་གོང་འཕེལ་གཏོང་རྒྱུ། ༢ བོད་རིགས་ཡོངས་རྫོགས་ཆིག་བསྒྲིལ་བྱས་ནས་སྡོད་དགོས་པ། ༣ འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་བློ་གཏད་འགྱུར་བ་མེད་པར་གནས་པ། ༤ ༸གོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་འོག་ཤར་བསྐྱོད་ཐུབ་དགོས་པ་བཅས་ཡིན་པ་གདམས་ཡོད་ཀྱང་། ཉེ་བའི་ལོ་འདི་འགའི་རིང་བཙན་བྱོལ་བོད་མིའི་ནང་ཁུལ་གནས་སྟངས་ཧ་ཅང་སྡུག་ཏུ་ཕྱིན་ཡོད་པས། བོད་ཀྱི་གཏམ་དཔེར། གསོན་པོར་མྱི་བདག་དང་། ཤི་བོར་རོ་བདག་ཚད་ལྡན་ཞིག་དགོས་ཀྱང་། དེང་གི་གནས་བབ་ནང་བཀྲ་མ་ཤིས་པ་འདི་འདྲའི་སྐབས་རང་སྲེག་གཏོང་བ་ནི་ཧ་ཅང་ཕངས་སེམས་དང་བློ་ཕམ་ཆེ་གཞིར་གྱུར་འདུག
བཞི།༸གོང་ས་༸རྒྱལ་མཆོག་ཐམས་ཅད་མཁྱེན་པར་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་གྱ་སྟོན་གཟབ་རྒྱས་ཞུ་འཆར་སྐབས། དེའི་བར་ཆད་ཉེར་འཚེ་ལྡོག་ཕྱིར་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་སྐུའི་རྟེན་གཞིར་སྤྱན་འདྲེན་གྱིས་བཀའ་ལུང་ཞུ་སྐབས། ངེས་པར་རང་ལུས་མེར་སྲེག་མཚམས་འཇོག་དགོས་རྒྱུར་རང་ཁོངས་མདོ་སྨད་མི་མང་ལ་གསལ་བསྒྲགས་སྤེལ་དགོས་སྐོར་ཕེབས་ཡོད། གནས་ཚུལ་དེ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལ་སྙན་གསན་ཞུས་ཏེ། བཀའ་ཤག་ནས་ཀྱང་རང་སྲེག་མ་གནང་རོགས་ཞེས་གསུངས་ཟིན་ཡང་། ད་དུང་གསལ་བོ་ཞིག་གསན་ཐོས་མ་བྱུང་བ་ལྟ་བུ་འདུག་པས། ༸གོང་ས་མཆོག་གི་མཛད་འཕྲིན་དང་བོད་མི་རིགས་ཀྱི་ཆབ་སྲིད་ཐད་ཤིན་ཏུ་བཀའ་དྲིན་ཆེ་བའི་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ལ་བསླུ་བ་མེད་སྟབས་དེ་དོན་གང་མྱུར་ལག་བསྟར་ཡོང་བ་ནན་སྐུལ་ཞུ།
ལྔ། བདེན་མིན་ཅི་ལྟར་ཡང་། མི་གྲངས་ངེས་ཅན་ཞིག་གིས་རང་སྲེག་བྱས་ཚེ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་བོད་ལ་རྒྱབ་སྐྱོར་དམིགས་བསལ་བ་ཞིག་བྱེད་ཀྱི་ཡོད་རབ་ཀྱི་དཀྲོག་གཏམ་ཁྱབ་སོང་ཞེས་བོད་ནས་ཡོང་མཁན་རེ་ཟུང་གིས་སྨྲ། དེ་དག་ནི་ཧ་ཅང་སྐྱག་རྫུན་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་སྟོབས་ཆེན་དུ་བསྙད་པའི་རྒྱལ་ཁབ་ཕལ་མོ་ཆེ་ནི་ཉམ་ཆུང་ནུས་མེད་ཀྱི་བདེ་སྡུག་ལ་གཟིགས་མཁན་ཞིག་མིན་པ་དེང་སང་འཛམ་གླིང་དུ་གསལ་བོ་གྱུར་ཟིན། བོད་མི་རང་གིས་རང་ཉིད་ཀྱི་རིག་གཞུང་དང་སྐད་ཡིག་བདག་གཅེས་ཀྱིས་རང་རྐང་དུ་ལངས་ཐུབ་དགོས་པ་ལས། མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་རེ་བ་འཆང་བ་ནི་དོན་མེད་རེ་སྟོང་ཙམ་རེད་ལ། དེ་ཚོའི་འགུལ་བསྐྱོད་ནི་ཆབ་སྲིད་ཀྱི་ཁེ་ཕན་དང་མ་བྲལ་བ་ཞིག་ཡིན་པས། ནམ་ཡང་རང་གི་ཁེ་ཕན་ཨང་དང་པོ་དང་གཞན་བེད་སྤྱོད་གཏོང་རྐྱང་བྱེད་པ་ནི་འཛམ་གླིང་སྤྱི་སྲོལ་ཞིག་ཆགས་འདུག་ན། ཆེ་ས་རྒྱལ་ཁབ་ཀྱི་དོན་ཆེན་ནས་ཆུང་བ་ཁྱིམ་ཚང་གི་ལས་དོན་བར་གཞན་ལ་རེ་ལྟོས་ཆེ་མེད་པ་དེ་ད་ནི་ང་ཚོར་ར་འཕྲོད་དགོས་པའི་གནད་དོན་གལ་ཆེན་རེད་ཅེས་ཞུ།
དྲུག དེང་སང་སྐད་འཕྲིན་སོགས་དར་ཁྱབ་ཆེ་བས། བོད་ཕྱི་ནང་གི་གནས་ཚུལ་གོ་རྒྱུར་དུས་ཡུན་རིང་པོ་འགོར་མི་དགོས་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཕྱི་རྒྱལ་ཁག་ཏུ་ཕེབས་ཏེ་ཕྱི་རྒྱལ་དཔོན་རིགས་ཁག་དང་མཇལ་འཕྲད་མཉམ་པར་སོགས་མཐོང་འཕྲལ་གང་མིན་ཚད་རེད་སྙམ་ནས་རེ་བ་ཆེན་པོ་རྒྱག་སྲིད་ཀྱང་། དེ་དག་ཕལ་མོ་ཆེ་གྲོས་ཚོགས་འཐུས་མི་ཡིན་པ་ལས་གཞུང་འཛིན་མི་སྣ་ཤིན་ཏུ་ཉུང་། མང་གཙོའི་སྤྱི་ཚོགས་ནང་གྲོས་ཚོགས་འཐུས་མི་གཞུང་འཛིན་མི་སྣར་སྟངས་འཛིན་གནང་མཁན་ཡིན་པ་ལས། གཞུང་འཛིན་མི་སྣ་ལྟར་གྱི་ཆབ་སྲིད་མི་སྣའི་དབང་ཆ་དང་ངོས་འཛིན་མེད། གཞུང་འཛིན་མི་སྣ་རེ་གཉིས་ལ་མཇལ་ཐུབ་ཀྱི་ཡོད་ཀྱང་གནས་རིམ་མཐོ་གྲས་ཉུང་ལ། ཡོད་པ་རེ་ཟུང་ཡང་གསང་རྒྱ་ཤིན་ཏུ་བྱ་དགོས་ཐུག་གི་ཡོད། དངོས་ཡོད་དེའི་ཁྲོད་དོན་དམ་གྱི་རྒྱབ་སྐྱོར་ཅི་ཞིག་ཐོབ་ཀྱི་ཡོད་མེད་ལ་བསམ་གཞིགས་མ་ནོར་བ་ཞིག་བྱ་གལ་ཆེ་བས། རང་གི་རྣམ་རྟོག་དང་ཚོད་དཔག ཡང་ན་ཁུངས་ལྡན་མིན་པའི་གནས་ཚུལ་ལ་འཁོན་ཏེ་ང་རྒྱལ་ལངས་ན་སེམས་ཁམས་མི་བདེ་བའི་རྒྱུ་རུ་འགྱུར་བ་ལས་ཕན་ཐོགས་ཡོང་དཀའ། དེའི་རྐྱེན་གནད་དོན་ཇི་བཞིན་མ་མཁྱེན་བར་རེ་སྟོང་བཅངས་ཏེ་མདུན་ལ་མཆོང་རྒྱུ་མེད། ༸གོང་ས་མཆོག་གིས་ནམ་རྒྱུན་བཙན་བྱོལ་བོད་མི་ཚོར་ཕྱི་རོལ་དུ་སྐད་ལོག་བརྒྱབས་ནས་བོད་ནང་དུ་རེ་སྟོང་སྤྲད་དེ་མི་མང་པོ་འཕྲོ་བརླག་ཏུ་བཏང་ན་རྩ་བ་ནས་མི་རུང་ཞེས་ཞལ་གསལ་བོས་བཀའ་སློབ་ཐེངས་མང་གནང་ཟིན།
བདུན། རང་ཅག་གངས་ཅན་པ་ཚོར་བོད་ཀྱི་མདུན་ལམ་ཐད་སྲི་ཞུ་ཅི་ལྟར་བསྒྲུབ་དགོས་མིན་དང་། ཅི་ཞིག་བྱེད་དགོས་མིན་སོགས་ལ་ལམ་སྟོན་གྱིས་མ་འདང་བའི་དཀའ་ངལ་གང་ཡང་མེད། ང་ཚོའི་རླབས་ཆེན་གྱི་དབུ་ཁྲིད་༸གོང་ས་མཆོག་ནི་རྒྱལ་སྤྱིའི་མི་མང་གི་སེམས་ཀྱི་སློབ་སྟོན་པ་དང་། དེ་བཞིན་ཆབ་སྲིད་པ་དང་། ཚན་རིག་པ། དམག་དོན་པ། མཁས་དབང་སོགས་གྲགས་ཅན་ཆེ་རྒུ་རྣམས་ཀྱི་ཕྱི་ནང་གང་ས་ནས་རྒྱལ་མཚམས་མེད་པའི་ལམ་སྟོན་ཞུ་ཡུལ་དུ་གྱུར་ཟིན་པས་རྒྱ་ནག་གཞུང་གིས་ཀྱང་ཁ་གཏད་ཆོག་གི་མེད། དེས་ན་ང་ཚོས་གང་བྱ་དགོས་མིན་སྐོར་༸ཁོང་གི་ལམ་སྟོན་ལྟར་ཤར་བསྐྱོད་བྱ་དགོས་པ་ལས་གསར་དུ་ལམ་ཁ་དང་རིག་པ་གསར་པ་འཚོལ་དགོས་པའི་ངལ་བ་གང་ཡང་བསྟེན་དགོས་དོན་མེད། དེའི་རྐྱེན། བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་༼རྩ་ཁྲིམས་༽དང་༼མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་༽ནང་གྲངས་ཉུང་མི་རིགས་ལ་གནང་བའི་འོས་འགན་དང་ཐོབ་ཐང་ཁག་གཞི་རྩར་བཟུང་སྟེ་གཉིས་ཕན་མཉམ་གནས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་འཚོལ་སྒྲུབ་བྱེད་རྒྱུ་གནད་ཀྱི་དོན་པོར་མཐོང་བས། ཁོ་བོས་ལག་གཉིས་ཐལ་མོ་སྦྱར་ཏེ་ད་ནས་བཟུང་ཕ་ཡུལ་བོད་དུ་སྤུན་ཟླ་གངས་ཅན་པ་སེར་སྐྱ་ཕོ་མོ་སུས་ཀྱང་རང་ལུས་མེར་སྲེག་རྩ་བ་ནས་མི་གནང་བའི་གསོལ་འདེབས་སྙིང་ནས་ཞུ་ཞུ།།