རླངས་འཁོར་ཞིག་མི་ཚོགས་ཁྲོད་རྒྱུག་ནས་ཤི་རྨས་ཚབས་ཆེན་བྱུང་།

ཁེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་རུ་མི་ཞིག་གིས་མི་ཚོགས་ཁྲོད་རླངས་འཁོར་བསྐོར་ནས་གང་བྱུང་རྒྱུག་སྟེ་མི་གྲངས་ ༡༠ བསད་པ་དང་མི་ ༡༥ རྨས་སྐྱོན་བཟོས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན། ཁེ་ན་ཌའི་ཡུལ་དེའི་ཉིན་རྒྱབ་ཀྱི་ཆུ་ཚོད་ ༡ ་སྟེང་ཨ་ལེ་ཁུ་མེ་ན་སེན་(Alek Minassian)ཟེར་བའི་སྐྱེས་པ་ཞིག་གིས། རླངས་འཁོར་དཀར་པོ་ཞིག་བསྐོར་ནས་ཊོ་རོན་ཊོ་གྲོང་ཁྱེར་གྱི་ཡོང་གེ་སྲང་ལམ་(Yonge Street)དང་ཧྥིན་ཅི་སྲང་ལམ་(Finch Avenue)གྱི་མི་ཚོགས་འདུ་འཛོམས་སར་སྤྱི་ལེ་༢ ཙམ་རིང་གང་བྱུང་རྒྱུག་ནས་མི་ ༡༠ བསད་པ་དང་། མི་ ༡༥ ལ་རྨས་སྐྱོན་བཟོས་ཡོད་པ་དང་། དོན་རྐྱེན་དེ་བྱུང་མ་ཐག་ས་གནས་ཉེན་རྟོག་པས་ཁོའི་རྗེས་འདེད་བཏང་སྟེ་འཛིན་བཟུང་བྱེད་ཐུབ་ཡོད་པ་དང་། ཉེས་ཅན་པ་དེས་ཉེན་རྟོག་པར་ཁོ་སོད་ཅིག་ཅེས་རེེེེེ་སྐུལ་བྱས་ཡོད་པ་མ་ཟད།   ཁོ་ལ་མེ་མདའ་ཡོད་པར་བརྗོད་ནས་འཇིགས་སྐུལ་བྱས་ཡོད་ཀྱང་། ཉེན་རྟོག་པས་དྲག་ཆས་སྤྱོད་མ་དགོས་པར་འཛིན་བཟུང་བྱེད་ཐུབ་ཡོད་འདུག

ཉེན་རྟོག་པས་ཉེས་ཅན་མིང་ལ་ཨ་ལེ་ཁུ་མེ་ན་སེན་(Alek Minassian)ཟེར་གྱི་ཡོད་པ་དང་། ཁོ་ད་ལྟ་རང་ལོ་༢༥ དང་ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོའི་ནུབ་བརྒྱུད་དུ་གནས་སྡོད་བྱེད་མཁན་ཞིག་ཡིན་ན་ཡང་། ཁོ་དྲག་སྤྱོད་ཤོག་ཁག་གང་ཞིག་དང་འབྲེལ་བ་ཡོད་མེད་དང་མི་གསོད་དགོས་པའི་དམིགས་ཡུལ་ག་རེ་ཡིན་སོགས་ཤེས་རྟོགས་ཐུབ་མེད་སྐོར་བརྗོད་འདུག

ཉིན་དེར་དོན་རྐྱེན་བྱུང་སའི་ས་གནས་ནས་སྤྱི་ལེ་ ༣༠ ཡི་གྲོང་ཁྱེར་དཀྱིལ་དབུས་སུ་ཁེ་ན་ཌ་དང་ཨ་རི། དབྱིན་ཡུལ། ཧྥ་རན་སི། འཇར་མན་དང་ཨེ་ཊ་ལི། ཉི་ཧོང་བཅས་ཀྱི་རྒྱལ་སྤྱིའི་བཟོ་ལས་ལག་རྩལ་ཡར་ཐོན་ཕྱིན་པའི་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམས་ཐུག་འཕྲད་གནང་ཡོད་པར་བརྟེན། དོན་རྐྱེན་དེ་རྒྱལ་ཁབ་བདུན་གྱི་ཐུག་འཕྲད་དང་འབྲེལ་བ་མེད་དམ་སྙམ་པའི་དོགས་པ་བྱེད་ཀྱི་ཡོད་འདུག

དོན་རྐྱེན་བྱུང་བ་དང་ཁེ་ན་ཌའི་སྲིད་བློན་ཇ་སི་ཊིན་ཁྲི་རོ་ཊོད་(Justin Trudeau)ཀྱིས་ཉེས་རྟོག་པ་ཚོར་བསྔགས་བརྗོད་བྱས་ཡོད་པ་མ་ཟད། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཉེན་རྟོག་པ་ཚོའི་བྱ་སྤྱོད་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ཨ་རིའི་ཕོོ་བྲང་དཀར་པོས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཞིག་སྤེལ་ཏེ། ཨ་རིའི་གཞུང་གིས་དྲག་སྤྱོད་དང་འབྲེལ་བའི་ཐོག་ནས་ཁེ་ན་ཌའི་གཞུང་ལ་རོགས་རམ་ག་རེ་གནང་ཐུབ་ན་གནང་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

ཐེངས་འདིའི་དོན་རྐྱེན་དེ་ནི་ཁེ་ན་ཌའི་ནང་མི་ཚོགས་ཁྲོད་རླངས་འཁོར་རྒྱུག་ནས་མི་མང་ཤི་རྨས་ཚབས་ཆེན་བྱུང་བ་ཐོག་དང་པོ་ཡིན་པ་དང་། དོན་རྐྱེན་ཁྲོད་ཤི་རྨས་བྱུང་བ་རྣམས་དང་དེ་ཚོའི་ནང་མི་རྣམས་ལ་གཞུང་འབྲེལ་མི་སྣ་དང་མི་མང་གིས་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་སེམས་གསོ་གནང་བཞིན་ཡོད་འདུག

མི་ཚོགས་ཁྲོད་དུ་རླངས་འཁོར་བསྐོར་ནས་མི་གསོད་དོན་རྐྱེན་བཟོ་བ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཉེ་རབས་བྱུང་བཞིན་པའི་དྲག་སྤྱོད་ཀྱི་ཐབས་ལམ་གསར་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་འདི་དང་འདྲ་བའི་དོན་རྐྱེན་འོག་མི་ ༨ ཀྱི་ཚེ་སྲོག་ཤོར་ཡོད་པ་མ་ཟད་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༨/༠༤/༢༤

Leave a Reply

2 thoughts on “རླངས་འཁོར་ཞིག་མི་ཚོགས་ཁྲོད་རྒྱུག་ནས་ཤི་རྨས་ཚབས་ཆེན་བྱུང་།

  1. སྲས་སྐུ་ངོ་།

    དེང་སང་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་འགའ།

    ཨ་རིའི་སྲིད་འཛིན་གྱིས་ཨི་རན་གྱི་རྡུལ་མཚོན་གྲོས་ཆོད་རྩིས་མེད་གཏོང་འཆར་ཡོད་པའི་གནད་དོན།

    བྱང་ཀོ་རི་ཡ་དང་ཨ་རིའི་རྡུལ་མཚོན་གྲོས་མོལ་མ་བྱས་གོང་དུ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་བྱང་ཀོ་རི་ཡ་ལ་ཤུགས་རྐྱེན་སྤྲོད་དགོས་དོན། ཀོ་རི་ཡ་ལྷོ་བྱང་གཉིས་ཀྱིས་སང་ཉིན་གྲོས་མོལ་གནང་གི་ཡོད་སྟབས། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་དང་གསར་ཁང་ཁག་གི་ལྟ་སྟངས་སོགས།

    ཨ་རིའི་ནང་གིརྩོད་ཉོག་ དཔེར་ན། དམིགས་བསལ་རྟོག་ཞིབ་ཚོགས་ཆུང་གིས་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་སྐབས་ཨུ་རུ་སུ་དང་ཁྲི་རོན་པུ་གཉིས་ཀྱིས་ངན་འབྲེལ་བྱས་ཡོད་མེད་སོགས།

    རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་དཔུང་རྒྱ་སྐྱེད་སྐོར།

  2. གཞུང་པ་ཚེ་དབང་བསོད་ནམས་།

    བློ་ཟད་སྐྱེ་བོ་མི་ལུས་རིན་ཆེན་སྟོང་ཟད་ཙམ་།
    བློ་ཟད་མི་གི་རང་གཞན་གཉིས་ཕུང་སྙིང་རྗེའི་ཡུལ་།
    བློ་ཟད་མི་ལ་བླངས་དོར་གནས་ལུགས་སུ་ཡིའི་ཐུབ་།
    བློ་ཟད་མི་གིས་འཇིག་རྟེན་འཇིག་པའི་ཉེན་ཁར་བཅུག་།ཧཧཧཧཧ