ནང་མ་ཁང་ཞིག་ལ་མེ་སྐྱོན་ཤོར་ཏེ་མི་ ༡༨ རྐྱེན་འདས་ཕྱིན།

རྒྱ་ནག་གི་ནང་མ་མཚན་ཚོགས་ཁང་ཞིག་ཏུ་མེ་སྐྱོན་ཤོར་ཏེ་མི་ ༡༨ རྐྱེན་འདས་དང་མི་ ༥ ལ་རྨས་སྐྱོན་ཕོགས་ཡོད་འདུགདེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་ཀང་ཀྲོའུ་ཞིང་ཆེན་གྱི་ནུབ་བརྒྱུད་གྲོང་ཁྱེར་ཡེ་ཏེ(Yingde)ཡི་ནང་མ་མཚན་ཚོགས་ཁང་ཞིག་ཏུ། མེ་སྐྱོན་ཤོར་ནས་མི་ ༡༨ རྐྱེན་འདས་དང་མི་ ༥་ལ་རྨས་སྐྱོན་བཟོས་ཡོད་པ་དང་། གྲོང་ཁྱེར་ཉེན་རྟོག་པས་མེ་སྐྱོན་དང་འབྲེལ་ཏེ་མིང་ལ་ལོའུ་ཁྲན་ལོ(Liu Chunlu)ཟེར་བའི་ཕོ་གསར་ཞིག་གིས། མེ་སྐྱོན་མ་ཤོར་སྔོན་ལ་ནང་མ་ཁང་དེར་ཕྱིར་འགྲོ་ལམ་གཅིག་ཡོད་པ་དེ་འཕྲུལ་རྟས་བཀག་འགོག་བྱས་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་ན་ཡང་། ཕོ་གསར་དེའི་དཔྱི་མགོ་མེས་འཚིག་ཡོད་པས་ཉེས་ཅན་ཡིན་མིན་ཐག་གཅོད་བྱེད་ཐུབ་ཡོད་མི་འདུག

ཉེན་རྟོག་ཕྱོགས་ནས་བརྗོད་པ་ལྟར་ན། མེ་སྐྱོན་དོན་རྐྱེན་མདང་དགོང་མཚན་གྱི་ཆུ་ཚོད་དང་པོ་མ་ཟིན་ཙམ་གྱི་ཐོག་ཤེས་རྟོགས་བྱུང་བ་དང་། དེ་མ་ཐག་སྐར་མ་ ༢༥ ནང་ཚུད་དུ་མེ་གསོད་རུ་ཁག་བཏང་ནས་མེ་གསོད་ཐུབ་ཡོད་ཀྱང་། ཐེངས་འདིའི་མེ་སྐྱོན་དོན་རྐྱེན་ཁྲོད་ཉེན་རྟོག་པ་ཁག་ཅིག་ལའང་རྨས་སྐྱོན་ཕོག་ཡོད་པ་དང་། ས་གནས་ཉེན་རྟོག་པས་ནང་མ་ཁང་དེར་མེ་སྐྱོན་བཟོ་མཁན་སུ་ཡིན་མིན་གྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཡོད་ཚེ་བྱ་དགའ་རྒྱ་སྒོར་ཁྲི་ ༢༠ རེ་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གསར་ཁང་(CCTV)གིས་འཁོད་པའི་གནས་ཚུལ་ནང་། ཐོག་མར་ནང་མ་ཁང་དུ་ཡོད་པའི་མི་གཉིས་བར་ལ་འཁྲུག་འཛིང་ཤོར་ཡོད་པ་དང་། དེའི་རྗེས་དོགས་ཡོད་ཉེས་ཅན་གྱིས་ནང་མ་ཁང་དུ་མེ་སྐྱོན་བཟོས་པ་ཡིན་སྐོར་བསྒྲགས་འདུག

རྒྱ་ནག་ནང་དུ་ཉེ་བའི་ལོ་འགའི་སྔོན་ནས་བཟོ་གྲྭ་དང་ཁང་རྩེག་སོགས་ལ་མེ་སྐྱོན་དོན་རྐྱེན་མང་པོ་ཞིག་བྱུང་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་ཐེན་ཅིན་(Tianjin)གྲོང་ཁྱེར་གྱི་རྫས་འགྱུར་བཟོ་གྲྭ་ཁང་ཞིག་ལ་མེ་སྐྱོན་གས་འཐོར་བྱུང་ནས་མི་གྲངས་ཧ་ཅང་མང་པོར་ཤི་རྨས་བྱུང་ཡོད་པ་དང་། དེ་བཞིན་ལོ་སྔོན་མར་ཡང་རྒྱ་ནག་གི་ཁང་པ་གཉིས་ཐོག་ཞིག་ལ་མེ་སྐྱོན་ཤོར་ཏེ་མི་ ༢༢ བསད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༢༤

Leave a Reply