བླ་མ་གཅིག་ལའང་སྤྲུལ་པའི་ཟློས་གར་སྣ་ཚོགས་ཡོང་ཆོག་པ་ཞིག་ཀྱང་རེད།

དེ་རིང་ཕྱི་རྒྱལ་ཡུལ་གྲུའི་བོད་མི་ཚོ་གཙོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚན་པ་བཅས་ཀྱིས་པཎ་ཆེན་ཆུང་སྲིད་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་དང་བསྟུན་ཁོང་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་དྷ་ས་མེག་གྷན་སྲང་ལམ་བཞི་མདོ་རུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དགུང་གྲངས་ ༢༩ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། ཐོག་མར་༧པན་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་སྐུ་པར་མདུན་དུ་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་བསྟུན། གྲྭ་བ་ཆུང་ཆུང་ཞིག་གིས་༧སྐུའི་འཁྲུངས་སྐར་གྱི་སྤྲི་གོར་བཏུབ་རྗེས་མང་ཚོགས་ནང་བཀྲམས་སོང་བ་དང་། ༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་མགྱོགས་མྱུར་ཀློད་གྲོལ་ཡོང་བ་མཚོན་ཆེད་སྐུའི་འཁྲུངས་སྐར་ལ་རེ་སྨོན་སྣ་ཚོགས་བྲིས་ཡོད་པའི་སྒང་ཕུག་འགའ་གནམ་ལ་བཏང་གནང་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས། དེ་རིང་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་པ་ཐོག་མ་དེ་མ་ཡིན་པར་ང་ཚོས་རིན་པོ་ཆེ་མཆོག་འཛིན་བཟུང་བཀག་ཉར་བྱས་པའི་ཉིན་མོ་དང་༧སྐུའི་འཁྲུངས་སྐར་ཉིན་མོ་བཅས་སུ་ལོ་རྟག་པར་སྲུང་གཙི་དང་ལས་འགུལ་སྤེལ་གྱིན་ཡོད་ལ། ད་རེས་ང་ཚོས་གཙོ་བོ་༧པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༢༩ ཕེབས་པའི་སྐབས་དང་བསྟུན། རྒྱ་ནག་གཞུང་གིས་འགྲོ་བ་མི་ཞིག་ལ་ཐོབ་ཐང་གང་ཡོད་པ་དེ་༧པཎ་ཆེན་རིན་པོ་ཆེར་སྤྲོད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་པ་མ་ཟད། འདས་པའི་ལོ་ངོ་ ༢༣ རིང་རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ཀློད་གྲོལ་ཡོང་ཐབས་སུ་སྙན་ཞུ་དང་ལས་འགུལ་བསྟུད་མར་སྤེལ་ཡོད། ཡིན་ནའང་། རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་གཟུགས་བདེ་ཐང་དང་སློབ་གསོ་སོགས་ཁོང་གི་གནས་སྟངས་ག་འདྲ་ཡོད་མེད་ཀྱི་གནས་ཚུལ་ཙམ་མ་ཟད། མཐའ་ན་ཁོང་གི་སྐུ་པར་ཞིག་ཀྱང་ཕྱིར་བཀྲམས་ཡོད་མ་རེད། ཉེ་སྔོན་རྒྱ་ནག་གཞུང་གིས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བུ་དཀྱུས་མ་ཞིག་གི་མི་ཚེ་སྐྱེལ་ནས་བཞུགས་ཡོད་ཚུལ་བཤད་ཡོད་ཀྱང་། གལ་སྲིད་༧པཎ་ཆེན་རིན་པོ་ཆེ་མཆོག་བུ་དཀྱུས་མ་ཞིག་ཡིན་ཚེ་རྒྱ་ནག་གཞུང་གིས་དམ་དྲག་བཀག་ཉར་ཤུགས་ཆེན་དེ་འདྲའི་བྱེད་དགོས་ཀྱི་ཡོད་པ་ཡིན་ནམ། འོ་ན་རྒྱ་ནག་གཞུང་གིས་བུ་དཀྱུས་མ་ཚང་མར་དམ་དྲག་བྱེད་ཀྱིན་ཡོད་པ་ཡིན་ནམ། དེར་བརྟེན། ད་རེས་༧པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༢༩ ཕེབས་པ་དང་བསྟུན་ཨ་རི་གཙོས་འཛམ་གླིང་ཡུལ་གྲུ་གང་སར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ལས་འགུལ་ཤུགས་ཆེན་སྤེལ་གྱི་ཡོད་པར་བརྟེན་རེ་བ་ཇེ་བཟང་དུ་ཕྱིན་ཡོད། ཅེས་བརྗོད་སོང་།

དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྤེལ་བའི་བསྒྲགས་ཡིག་ནང་། དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ཉིན་རྒྱལ་སྤྱིའི་ཡུལ་གྲུ་གང་སར་བོད་རིགས་སྤུན་ཟླ་ཚོས་དགའ་སྤྲོ་ཆེན་པོས་རྒྱ་གཞུང་གི་བཙན་འཁྲིད་བཀག་ཉར་འོག་ཡོད་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དགུང་གྲངས་ ༢༩ འཁོར་བའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་ཡོད་ཀྱང་། ད་བར་ཁོང་ཉིད་དངོས་སུ་མི་མང་དང་ལྷན་དུ་འཁྲུངས་སྐར་ལ་མཉམ་ཞུགས་གནང་ཐུབ་མེད་པ་ནི་ངེད་ཅག་བོད་མི་རྣམས་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། ༧པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་དམར་གཞུང་གིས་བཙན་འཁྲིད་བཀག་ཉར་བྱས་པ་ནས་བཟུང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ལོངས་སྤྱོད་གནང་རྒྱུ་མ་བྱུང་ཁར། ད་དུང་དུས་ཡུན་ཧ་ཅང་རིང་བའི་མི་ལོ་ ༢༣ གྱི་རིང་ཁོང་ཉིད་ཀྱི་གནས་ཚུལ་མི་མང་གི་གང་ཡང་ཤེས་རྟོགས་མེད་པའི་འོག་བཙོན་འཇུག་བྱས་ཡོད་སྐོར་བརྗོད་སོང་།

རྒྱ་གཞུང་གིས་གནས་ལུགས་རྟོགས་དགོས་པ་ཞིག་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་དང་༧གོང་ས་མཆོག་དབུས་པའི་བོད་མི་རྣམས་ནམ་ཡང་ཁ་བྲལ་གཏོང་ཐབས་མེད་པ་ཞིག་དང་། ང་ཚོའི་བར་གྱི་དད་དམ་ནི་ནམ་ཡང་གཡོ་འགུལ་མེད་པ་ཞིག་རེད། རྒྱ་གཞུང་གི་ངོས་ནས་བོད་མིའི་འདུ་ཤེས་ལ་བརྩི་འཇོག་བྱེད་དགོས་ཀྱི་ཡོད། ༧པཎ་ཆེན་རིན་པོ་ཆེ་མཆོག་ནི་བོད་མིའི་ཆོས་ཕྱོགས་ཀྱི་རྩ་ཆེན་བླ་མ་ཞིག་དང་གོ་རིམ་མཐོ་ཤོས་གཉིས་པར་ངོས་འཛིན་ཐོབ་པའི་བླ་མ་ཞིག་ཆགས་ཀྱི་ཡོད། རྒྱ་གཞུང་གིས་༧རྒྱལ་བ་རིན་པོ་ཆེའི་འགན་དབང་རྩིས་མེད་གཏོང་ཕྱིར་༧མགོན་པོ་གང་ཉིད་ཀྱིས་ངོས་འཛིན་གནང་བའི་ཆུང་སྲིད་༧པཎ་ཆེན་རིན་པོ་ཆེ་མཆོག་ལ་ངོས་ལེན་མ་བྱས་པའི་སྟེང་། རྒྱ་ནག་དམར་ཤོག་ཚོགས་པའི་ལས་སྣེ་བ་ཞིག་གི་ཕྲུ་གུ་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་བྱས་ཡོད། དེ་ནི་རྒྱ་གཞུང་གི་ངོས་ནས་བོད་ནང་༧གོང་ས་མཆོག་གི་ཆེ་མཐོང་མེད་པ་བཟོ་རྒྱུ་དང་ནང་པའི་རིག་གཞུང་ལ་ཁ་གཡར་ཏེ་ཆབ་སྲིད་ཀྱི་དགོས་འདུན་བསྒྲུབ་རྒྱུའི་ངན་གཡོ་ཅན་གྱི་ཐབས་ཇུས་བཤམས་པ་ཞིག་ཡིན་སྐོར་སོགས་འཁོད་འདུག
འདི་ལོ་ཆུང་སྲིད་༧པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༢༩ ཕེབས་པའི་འཁྲུངས་སྐར་དང་། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ལོ་ངོ་ ༢༣ འཁོར་བར་འཛམ་གླིང་ཡུལ་གྲུ་གང་སར་༧སྐུའི་འཁྲུངས་སྐར་སྲུང་གཙི་དང་འབྲེལ་འཚམས་འདྲི་དང་། དེ་བཞིན་ཁོང་མགྱོགས་མྱུར་ཀློད་གྲོལ་ཡོང་བར་འབོད་སྐུལ་སོགས་ཀྱི་ལས་འགུལ་སྤེལ་གྱིན་ཡོད་པ་དང་། དེ་རིང་ཉིན་གུང་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱིར་བཞུགས་སྒར་དུ་ཕེབས་སྐབས། གནམ་ཐང་དུ་གསར་འགོད་པ་ཞིག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དེ་རིང་ནི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཡིན་པའི་སྐོར་ལ་དགོངས་ཚུལ་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས། འདི་ཏོག་ཙམ་རྙོག་དྲ་ཚ་པོ་རེད། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་བདམས་ཡོད་པ་རེད།   དེ་ནས་ངོས་ནས་ཀྱང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ལམ་ལུགས་ལྟར་བྱས་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་ངོས་འཛིན་བྱས་པ་ཡིན། ངོས་ཀྱི་རེ་བར་རྒྱ་ནག་གཞུང་གིས་བདམས་པའི་པཎ་ཆེན་ཡང་སྲིད་ཁོང་དགེ་བའི་བཤེས་གཉེན་ཚད་ལྡན་ཞིག་གི་དྲུང་ནས་བསླབ་པ་སློབ་གཉེར་ཚུལ་བཞིན་གནང་བཞིན་ཡོད་ཤག་དང་། ཕྱོགས་མཚུངས་ངོས་ནས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེར་མཚོན་ན། ཁོང་གི་སྐོར་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་རྩ་བ་ཉིད་ནས་མེད་པར་གར་སོང་ཆ་མེད་ལྟ་བུ་ཆགས་པ་རེད། འོན་ཀྱང་ཕྱིས་སུ་ཁུངས་ལྡན་གནས་ཚུལ་ལྟར་ན། ད་ལྟ་ཁོང་སྐུ་འཚོ་བཞུགས་ཡིན་པ་དང་། རྒྱུན་ལྡན་གྱི་སློབ་སྦྱོང་གནང་མུས་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་། ལོ་བརྒྱ་ཙམ་གོང་བོད་ནང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཞེས་པའི་བླ་མ་རྩ་ཆེན་ཞིག་བྱུང་བ་ཁོང་དགོངས་པ་གཤེགས་རྗེས་ཁོང་གི་ཡང་སྲིད་ལྔ་བྱུང་བ་རེད། སྐུ། གསུང་། ཐུགས། ཡོན་ཏན། འཕྲིན་ལས་བཅས་ལྔ་བྱུང་བ་རེད། དེར་བརྟེན་བླ་མ་གཅིག་ལའང་སྤྲུལ་པའི་ཟློས་གར་སྣ་ཚོགས་ཡོང་ཆོག་པ་ཞིག་ཀྱང་རེད། ཅེས་གསུངས་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱལ་སྤྱིའི་སྐད་རིགས་མི་འདྲ་བ་ ༢༩ ནང་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་དང་རྒྱ་ནག་གཞུང་ནས་ཁོང་མགྱོགས་མྱུར་ཀློད་གྲོལ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་ཚུད་པའི་བརྙན་ཐུང་ཞིག་བཏོན་ཡོད་པ་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། རྒྱལ་སྤྱིའི་ཐོག་ནས་ལོ་ངོ་བཅུ་ཕྲག་རིང་རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་། ཁོང་གི་ནང་མིའི་གནས་སྟངས་དང་སྐུའི་འཕྲོད་བཞེས། དེ་བཞིན་ཆུང་སྲིད་རིན་པོ་ཆེ་མཆོག་གི་སློབ་སྦྱོང་སོགས་ཀྱི་གནས་སྟངས་སྐོར་འདྲི་རྩད་ཇི་ཙམ་བྱས་ཀྱང་རྒྱ་ནག་གཞུང་གིས་ད་བར་ཡ་ལན་གང་ཡང་བྱས་མེད། འོན་ཀྱང་ང་ཚོ་བོད་མི་ཚོས་སྙིང་སྟོབས་ཞུམ་པ་མེད་པར་རིན་པོ་ཆེ་མཆོག་མགྱོགས་མྱུར་ཀློད་ཀྲོལ་ཡོང་ཆེད་མུ་མཐུད་འབད་བརྩོན་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། མི་རིང་བར་རིན་པོ་ཆེ་མཆོག་གི་གདན་ས་བཀྲ་ཤིས་ལྷུན་པོའི་གཟིམ་ཆུང་ནང་ཞབས་སོར་འཁོད་ཐུབ་རྒྱུར་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་འདུག

གཞན་ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༢༩ ཕེབས་པར་འཚམས་འདྲིའི་ཞུ་ཡིག་ཅིག་ཕུལ་ཡོད་པའི་ནང་། བཀུར་འོས་པའི་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་ལགས། བཀྲ་ཤིས་བདེ་ལེགས། ད་ལོར་ཡང་ངས་བསྐྱར་དུ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་དང་ལྷན་དུ་༧སྐུ་ཉིད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་དང་སྐུ་གཟུགས་གསལ་ཐང་ཡིན་པའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད་ལ། ༧སྐུ་ཉིད་ནས་འཕྲིན་ཡིག་འདི་རྩ་བ་ནས་ཀློག་མི་ཐུབ་སྲིད་ཀྱང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འཐུས་མི་ཡོངས་དང་། ལྷག་པར་དུ་བོད་མི་རྣམས། དེ་བཞིན། བོད་ཀྱི་གྲོགས་པོ་ཚོས་དམིགས་བསལ་གྱིས་དེ་རིང་གི་ཉིན་མོ་འདིར་༧སྐུ་ཉིད་དྲན་གྱི་ཡོད། ཅེས་དང་། ཆུང་སྲིད་༧པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༦ ཡིན་སྐབས་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ལྟའི་བར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོས་ཆུང་སྲིད་༧པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་ཀྱི་འབོད་སྐུལ་ཞུས་པ་སྣང་མེད་དུ་བཞག་པ་མ་ཟད། ཁོང་གི་གནས་སྟངས་སྤྱི་དང་ས་ཆ་གང་དུ་བཞུགས་ཡོད་མེད་སོགས་ཀྱི་གནས་ཚུལ་དམ་དྲག་གིས་མི་ཚོའི་སེམས་ནས་༧པཎ་ཆེན་རིན་པོ་ཆེ་མཆོག་བརྗེད་དུ་འཇུག་འདོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཇི་ཙམ་གྱིས་དམ་དྲགས་བྱས་པ་དེ་ཙམ་གྱིས་ཁོང་འཚོལ་ཞིབ་ཀྱི་འདུན་པ་ཇེ་ཆེར་འགྲོ་ཡི་ཡོད་སྐོར་བརཇོད བརྗོད་པ་དང་འབྲེལ། རྒྱ་ནག་ནང་གི་བཙོན་པ་ཚོའི་གནས་སྟངས་ལ་མུ་མཐུད་ལྟ་ཞིབ་ཀྱིས་རྒྱ་ནག་གཞུང་གི་དམ་དྲགས་འོག་གནས་པའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གཙོའི་བཙོན་པ་རྣམས་ལ་རང་དབང་འཐོབ་ཆེད་ཤུགས་སྐྱོན་གནང་རྒྱུ་ཡིན་སྐོར་སོགས་འཁོད་འདུག

དེ་བཞིན་དེ་རིང་རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བཀྲ་ཤིས་ལྷུན་པོ་དགོན་པ་གཉིས་མཉམ་འབྲེལ་སྒོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས་པ་དང་བསྟུན། རྒྱལ་སྤྱིའི་ཐོག་རྒྱ་ནག་གཞུང་གིས་ཉེས་མེད་བྱིས་པ་ཞིག་བཙན་འཁྲིད་བྱས་པ་ཤེས་རྟོགས་ཆེད། མར་མེ་༡༣༠༠༠༠ སྦར་ནས་འཛམ་གླིང་རྗི་ནེ་སི་(Guinness)དཔེ་དེབ་ཟིན་ཐོའི་ནང་འཁོད་ཐུབ་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང་། ཁོ་ཚོའི་བསྒྲགས་གཏམ་ནང་དུ། ང་ཚོས་དུས་དྲན་འདི་དང་བསྟུན་མར་མེ་༡༣༠༠༠༠ སྦར་བ་ནི་བཙན་བྱོལ་བོད་མིའི་མངོན་འདོད་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ལ་རང་དབང་དང་དྲང་བདེན་ཡོང་ཆེད་དང་། མར་མེ་རེ་རེ་ཡི་འོད་སྣང་གིས་ཁོང་མགྱོགས་མྱུར་ཀློད་གྲོལ་ཡོང་ཐབས་དང་སྐུ་ཚེ་བརྟན་པའི་རེ་བ་དང་སྨོན་ལམ་འདེབས་ཀྱི་ཡོད། ཅེས་འཁོད་འདུག

 

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

བསྐྱར་བཅོས།: ༢༠༡༨/༠༤/༢༥

Leave a Reply

2 thoughts on “བླ་མ་གཅིག་ལའང་སྤྲུལ་པའི་ཟློས་གར་སྣ་ཚོགས་ཡོང་ཆོག་པ་ཞིག་ཀྱང་རེད།