མེ་སྐྱོན་གྱིས་ཡུལ་མིའི་རྒྱུ་ནོར་འབོར་ཆེན་ལ་གྱོང་གུད་ཐེབས་འདུག

དཀར་མཛེས་ཁུལ་རྟའུ་རྫོང་གཡུ་ཁོག་དབུས་ཐ་ཡུལ་ཚོའི་ནང་མེ་སྐྱོན་བྱུང་སྟེ་ཡུལ་མི་མང་པོའི་ཁང་པ་དང་རྒྱུ་ནོར་ལ་གྱོང་གུད་ཆེན་པོ་ཕོགས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༤ ཉིན་གྱི་བོད་ནང་གི་ཆུ་ཚོད་༦ པའི་སྟེང་དཀར་མཛེས་ཁུལ་རྟའུ་རྫོང་གཡུ་ཁོག་དབུས་ཐ་ཡུལ་ཚོའི་ནང་མེ་སྐྱོན་ཤོར་དེ་ཁྱིམ་ཚང་༥༠ ལྷག་གི་རྒྱུ་ནོར་ལ་གྱོང་གུད་དང་ཁང་པ་ཆེ་ཆུང་ ༢༨ ལྷག་མེས་འཚིགས་ཡོད་འདུག

འདི་གའི་གསར་འགོད་པར་ས་གནས་རང་གི་འབྲེལ་ཡོད་མི་ཞིག་གིས་བརྗོད་པ་ལྟར་ན། མེ་སྐྱོན་དོན་རྐྱེན་དེ་གློག་སྐུད་ཀྱིས་བཟོས་པ་ཡིན་པ་དང་། ཁྱིམ་ཚང་དེ་དག་ལ་མཚོན་ན་དབྱར་རྩ་དགུན་འབུ་རྐོ་བའི་དུས་ཚོད་དང་ཁེལ་ཡོད་སྟབས། ཁང་པ་སོགས་བཞག་ནས་སོང་ཤུལ་དུ་མེ་སྐྱོན་བྱུང་བ་ཡིན་པས་མི་ལ་ཤི་རྨས་གང་ཡང་བྱུང་མི་འདུག ཅེས་དང་།

ཡང་ཁོས་མུ་མཐུད་མེ་སྐྱོན་ཤོར་རྗེས་རྒྱ་ནག་གཞུང་གི་མེ་གསོད་རུ་ཁག་རླངས་འཁོར་༤༠ ལྷག་སླེབས་ནས་མེ་གསོད་ཐུབ་པ་བྱུང་ཡོད་ན་ཡང་། ཁྱིམ་ཚང་ ༢༨ ་ནས་ ༣༠ མ་ཟིན་ཙམ་ཞིག་གི་ཁང་པ་མེ་ལ་ཤོར་ཡོད་པ་དང་ཁྱིམ་ཚང་ཁ་ཤས་ཀྱིས་ཁང་པ་གསར་རྒྱག་ལ་ཁེལ་ཡོད་སྟབས། ཅ་ལག་སོགས་ཁྱིམ་ཚང་གཞན་པའི་ནང་དུ་བཅོལ་ཡོད་པ་སོགས་ཀྱིས་ཁྱོན་ཁྱིམ་ཚང་༥༠ ལྷག་གི་རྒྱུ་ནོར་ལ་གྱོང་གུད་ཐེབས་ཡོད་འདུག ད་ལྟ་ས་གནས་རྫོང་དང་ཡུལ་མི་ཚོས་གནོད་ཐེབས་ཁྱིམ་ཚང་ཁག་ལ་ཟས་གོས་དང་མཐུན་རྐྱེན་མཁོ་སྒྲུབ་བྱས་ཡོད་པས་དཀའ་ཁག་དེ་ཙམ་ཡོད་མི་འདུག ཅེས་བརྗོད་བྱུང་།

རྒྱ་ནག་གཞུང་གི་མི་འབོར་ཞིབ་བཤེར་ནང་གསལ་བ་ལྟར་ན་དབུས་ཐ་ཡུལ་ཚོར་མི་གྲངས་ ༡༥༩༢༡ ཡོད་སྐོར་འཁོད་ཡོད་པ་དང་། ཡུལ་མི་ཚང་མ་འབྲོག་པ་དང་འཚོ་བརྟེན་འབྲོག་ལས་ཡིན་པ་དང་། ཡུལ་མི་ཚོའི་ནམ་རྒྱུན་མཆོད་འབུལ་སྨོན་ལམ་བྱེད་ཡུལ་གཙོ་བོ་ས་གནས་ཀྱི་གཡུ་མཁར་དགོན་ཞེས་པ་ཡིན་འདུག

ཕྱི་ལོ་༢༠༡༠ ལོ་རྟའུ་རྫོང་ཁོངས་ཀྱི་རྩ་ས་ཞིག་ལ་མེ་སྐྱོན་ཆེན་པོ་ཤོར་ནས་ཉིན་ཁ་ཤས་རིང་མེ་གསོད་ཐུབ་མེད་པ་མ་ཟད། མེ་གསོད་སྐབས་མི་༢༢ ལྷག་རྐྱེན་འདས་སུ་སོང་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་ཕྱོགས་ནས་རྐྱེན་འདས་སུ་སོང་བའི་མི་ ༢༢ ཁྲོད་ས་གནས་མང་ཚོགས་ ༥ དང་ནགས་ལས་རུ་ཁག་གི་མི་ ༢ མ་གཏོགས་གཞན་པའི་ ༡༥ ནི་དམག་མི་ཁོ་ན་ཡིན་ལུགས་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༢༧

Leave a Reply

One thought on “མེ་སྐྱོན་གྱིས་ཡུལ་མིའི་རྒྱུ་ནོར་འབོར་ཆེན་ལ་གྱོང་གུད་ཐེབས་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཨ་ཁ་ས་ཆུ་མེ་རླུང་འབྱུང་བའི་གནོད་འཚེའི་འོག་།
    འཚོ་བའི་ལུས་ཅན་སྐྱེ་འགྲོ་སྲོག་ཆགས་ཀུན་།
    འཇིག་པར་བསྟེན་པའི་འཇིག་རྟེན་སྲོག་ཆགས་ལ་།
    ནམ་ཡང་བདེ་བའི་སྒོ་སྐབས་ངས་མ་མཐོང་།