རྒྱ་ནག་འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་ཨང་ལྔ་པ་རེད།

རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་སྙན་ཐོའི་ནང་རྒྱ་ནག་གི་ཤུགས་རྐྱེན་འོག་ཨེ་ཤ་ཡའི་རྒྱལ་ཁབ་མང་དག་ཅིག་གིས་གསར་འགོད་རང་དབང་ལ་བཀག་སྡོམ་བྱེད་ཀྱི་ཡོད་སྐོར་འཁོད་འདུག
ཟླ་འདིའི་ཕྱི་ཚེས་༢༥ ཉིན། རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༨ ལོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གསར་འགོད་རང་དབང་གི་སྙན་ཐོ་ཕྱི་ལ་བཏོན་ཡོད་པ་དང་། ད་ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གནས་བབ་ཡག་ཤོས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཁག་དང་གསར་འགོད་རང་དབང་ཆེས་སྡུག་ཤོས་ཨེ་ཤ་ཡའི་ཁུལ་གྱི་རྒྱལ་ཁབ་ཁག་ཡིན་འདུག

ད་ལོའི་སྙན་ཐོའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༡༨༠ ཡོད་པ་ལས་གསར་འགོད་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་མཐའ་མ་ལྔ་ནི་བྱང་ཀོ་རི་ཡ་ཨང་༡༨༠ པ་དང་གཉིས་པ་ཨེ་རེ་ཊི་རེ(Eritrea)ཨང་༡༧༩། ཊོར་ཁི་མེ་ནེ་སི་ཐན(Turkmenistan)ཨང་༡༧༨། སི་རེ་ཡ་ཨང་༡༧༧ དང་རྒྱ་ནག་ཨང་༡༧༦ བཅས་ཡིན་པ་དང་། གསར་འགོད་རང་དབང་དང་གསར་འགོད་པར་བདེ་འཇགས་ཆེས་ཡག་ཤོས་རྒྱལ་ཁབ་ལྔ་ནི་ནོར་ཝེ་དང་སི་ཌན། ཧོ་ལན་ཌི།  ཧྥིན་ལན་ཌི། སི་ཝེ་རྫི་ལན་ཌི་ལྔ་བཅས་ཡིན་འདུག

ད་ལོའི་སྙན་ཐོའི་ནང་རྒྱ་ནག་སླར་ཡང་རྒྱལ་སྤྱིའི་རྒྱལ་ཁབ་ ༡༨༠ ཁྲོད་ཀྱི་གསར་འགོད་རང་དབང་སྡུག་ཤོས་ཨང་ལྔ་པ་ཆགས་ཡོད་པ་དང་། ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་འཛིན་ལམ་ལུགས་གསར་འཛིན་བྱས་ཏེ། ད་ལྟའི་ཆར་རྒྱ་ནག་ནང་ཆེད་ལས་དང་ཆེད་ལས་མ་ཡིན་པའི་གསར་འགོད་པ་ ༥༠ ལྷག་ཞིག་འཛིན་བཟུང་བཀག་ཉར་འོག་ཡོད་པ་མ་ཟད། གསར་འགོད་པ་མང་པོ་ཞིག་ལ་མནར་གཅོད་འོག་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མེད་པར་བརྟེན་སྲོག་ལ་ཉེན་ཁ་འཕྲད་ཀྱི་ཡོད་པ་དང་། དེའི་ཁྲོད་ཀྱི་མིག་དཔེ་ཁག་ཅིག་ནི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པའི་སྐུ་ཞབས་ལུའུ་ཞོ་པོ་དང་། རྒྱ་ནག་གི་ཟིན་བྲིས་པ་ཡྰང་ཏོན་ཡན་གཉིས་ནད་ཀྱིས་བཟུང་སྟེ་སྨན་བཅོས་མ་ཐོབ་པའི་དཀའ་ངལ་འོག་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱི་སྙན་ཐོའི་ནང་། ཨེ་ཤ་ཡའི་རྒྱལ་ཁབ་ཚོས་རྒྱ་ནག་གི་གསར་འགོད་རང་དབང་བཀག་སྡོམ་ལ་མིག་དཔེ་ལྟ་ཡི་ཡོད་པ་དང་། དམིགས་བསལ་ཝེ་ཐི་ནམ་དང་ཁམ་བྷོ་ཌི་ཡ། དེ་བཞིན། ཨ་ཧྥི་གྷན་ནེ་སི་ཐན་དང་རྒྱ་གར། པ་ཀི་སི་ཐན། ཧྥི་ལི་ཕིན་བཅས་ཀྱི་ནང་གསར་འགོད་པར་དྲག་གནོན་བྱེད་པ་ཇེ་མང་དུ་འགྲོ་ཡི་ཡོད་པ་དང་། ཉེ་བའི་ལོ་ཤས་ནང་འཕྲུལ་རིག་དར་འཕེལ་བྱུང་བ་དང་བྱང་ཀོ་རི་ཡའི་ནང་ཁ་པར་དར་ཁྱབ་ཤུགས་ཆེན་བྱུང་ཡོད་ཀྱང་། བྱང་ཀོ་རི་ཡའི་གཞུང་གིས་རྒྱལ་ཁབ་ཀྱི་དྲ་རྒྱའི་འབྲེལ་ལམ་དང་མི་མང་གི་ཁ་པར་གྱི་འབྲེལ་ལམ་སོགས་སྟངས་འཛིན་བྱས་པར་བརྟེན། གཞུང་འབྲེལ་གསར་ཁང་(KCNA)ནི་རྒྱལ་ཁབ་ཀྱི་གསར་ཁང་ཁོ་ན་དེ་ཆགས་ཡོད་པ་མ་ཟད། མི་མང་གིས་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགྱུར་ལ་ཉན་ཀློག་བྱས་པ་ཙམ་གྱིས་བཙོན་འཇུག་སོགས་ཀྱི་ཉེས་ཆད་གཅོད་ཀྱི་ཡོད་སྐོར་འཁོད་འདུག

དེ་བཞིན་ཝེ་ཏི་ནམ་གཞུང་གིས་གསར་འགོད་རང་དབང་བཀག་འགོག་ལ་བཀག་བསྡོམས་ཤུགས་ཆེར་བྱས་ཏེ། གསར་འགོད་པ་ཚོས་རང་སྲོག་བློས་བཏང་གིས་གསར་འགྱུར་འབྲི་དགོས་བྱུང་གི་ཡོད་པ་དང་། དེ་མིན་གཞུང་ངོས་ནས་ཟིན་བྲིས་འབྲི་མཁན་དང་གསར་འགོད་པ་ཚོར་དྲག་གནོན་འོག་ཁྲིམས་ཆད་ནན་པོ་གཅོད་ཀྱི་ཡོད་པ་དང་། ཁམ་བྷོ་ཌའི་གཞུང་གིས་གསར་འགོད་རང་དབང་བཀག་སྡོམ་སྔར་ལྷག་བཏང་བར་བརྟེན། འདི་ལོར་དེ་སྔོན་གྱི་གསར་འགོད་རང་དབང་གི་གོ་གནས་ནས་མར་བསགས་ཏེ་རྒྱལ་སྤྱིའི་ཨང་ ༡༤༢ ཆགས་ཡོད་པ་དང་། ན་ནིང་གཅིག་པོར་རང་དབང་ལྡན་པའི་གསར་ཁང་ ༣༠ ལྷག་སྒོ་བརྒྱབ་ཡོད་པ་དང་གསར་འགོད་པ་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད། གཞན་ཡང་རྒྱ་གར་གྱི་གསར་འགོད་རང་དབང་གི་ཚད་གཞི་མར་བསགས་ཏེ་རྒྱལ་སྤྱིའི་སྟེང་གི་རྒྱལ་ཁབ་ཨང་ ༡༣༨ ཆགས་ཡོད་པ་དང་། ཧིན་རྡོའི་རྒྱལ་ཞེན་རིང་ལུགས་པ་ཚོས་གསར་འགོད་པ་ནི་ཧ་ཅང་ཉེན་ཚབས་ཆེ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་༢༠༡༣ ལོ་ནས་རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་གི་སྙན་ཐོའི་ཁྲོད་གསར་འགོད་རང་དབང་གི་གནས་བབ་སྡུག་ཤོས་ཨེ་ཤ་ཡ་ཁུལ་གྱི་རྒྱལ་ཁབ་ཁག་ཆགས་ཡོད་པ་དང་། ཨེ་ཤ་ཡའི་ཁུལ་གྱི་གསར་འགོད་རང་དབང་དང་གསར་འགོད་པའི་བདེ་འཇགས་སོགས་བསྟུན་མར་ལོ་ཁ་ཤས་རིང་ཇེ་སྡུག་ཏུ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༢༦

Leave a Reply

One thought on “རྒྱ་ནག་འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་ཨང་ལྔ་པ་རེད།

  1. རྒྱལ་ཁབ་སུ་ཞིག་ཡིན་རུང་གསར་འགོད་ལས་རིགས་ནི་སྲིད་གཞུང་དང་སྤྱི་ཚོགས་བར་གྱི་འཕྲིན་ཡིག་སྐྱེལ་མཁན་ལྟ་བུ་ཡིན་པ་དང་། འོན་ཀྱང་གསར་འགོད་ལས་རིགས་ཚོ་ཡང་རྒྱལ་ཁབ་དེའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ན་གནས་དགོས་པ་ལས་རང་སྣང་གང་ཤར་གྱི་གསར་འགྱུར་འཚོལ་སྡུད་བྱས་ན་བླང་བྱ་དང་དོར་བྱའི་དབྱེ་བ་ལ་ནོར་འཁྲུལ་ཤོར་ཏེ་གསར་འགོད་པས་རང་ཉིད་ཀྱི་ཁེ་ཕན་དམིགས་ཏེ་གྱོད་གུད་རག་སྲིད་པ་དང་། སྤྱིར་གསར་འགོད་པ་ཡང་དག་པ་ཞིག་ཡིན་ཚེ་མང་ཚོགས་ཀྱིས་ཁོང་ཉིད་ལ་གུས་བཀུར་བྱ་འོས་པ་དང་། དེང་སྐབས་དེ་འདྲ་མིན་པར་གསར་འགོད་པ་ཚང་མ་རྒྱལ་ཁབ་ག་གེ་མོའི་གསང་ལས་པ་ ༼ མྱུལ་མ་ ༽ རུ་གྱུར་ཡོད་པ་དང་། ཁོང་ཚོང་མང་ཚོགས་ནས་མཐོང་ཆེ་དང་གུས་བཀུར་བྱེད་སའི་མི་ཞིག་ཏུ་འགྱུར་མི་ཐུབ་པ་ཡིན། རྒྱལ་ཁབ་སུ་ཞིག་ལ་གསང་བའི་ཡིག་ཆ་མེད་དམ། ཐ་ན་ཁྱིམ་ཚང་ལ་ཡང་ཁྱིམ་ཚང་གི་གསང་བ་ཡོད་པས། དེ་དག་ནང་མི་སུ་ཞིག་གིས་གསང་བ་ཕྱི་ལ་སྐྱལ་ན་མི་དེ་ནི་ཁྱིམ་ཚང་དེའི་མི་ངན་དུ་འགྱུར་སྲིད་པ་རེད།