ལྷོ་བྱང་ཀོ་རི་ཡའི་ལོ་རྒྱུས་གསར་པའི་རེ་ལྟོས།

ལྷོ་བྱང་ཀོ་རི་ཡའི་མགོ་འཁྲིད་གཉིས་ཀྱིས་མཐའ་མཚམས་བརྒལ་རེས་ཀྱིས་ལག་འཇུ་བྱས་རྗེས་ལྷོ་ཀོ་རི་ཡའི་ཞི་བདེ་ཁང་དུ་གྲོས་མོལ་བྱེད་བཞིན་ཡོད་འདུག

དེ་རིང་ཞོགས་པ་ཡུལ་དེའི་ཆུ་ཚོད་༩།༣༠ སྟེང་ལྷོ་ཀོ་རི་ཡའི་མགོ་ཁྲིད་མོན་ཇྰ་དང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གཉིས་ལྷོ་བྱང་གཉིས་ཀྱི་མཐའ་མཚམས་གཏན་སྲུང་ས་ཚིགས་(DMZ)ནས་ཐུག་སྟེ། ཕན་ཚུན་ལག་འཇུ་བྱས་ཏེ་འཚམས་འདྲི་གནང་རྗེས། ཀེམ་ཇོང་ཨན་གྱིས་སྲིད་འཛིན་མོན་ལ་ས་ཚིགས་བརྒལ་བཅུག་སྟེ་མཚོན་དོན་རང་བཞིན་ཅན་གྱི་ཐུག་འཕྲད་གནང་ཡོད་པ་དང་། དེ་ནས་ཀེམ་ཇོང་ཨན་གྱིས་མཐའ་མཚམས་བརྒལ་ཏེ་ལྷོ་ཀོ་རི་ཡའི་ནང་འཛུལ་ཡོད་པ་དང་། ལྷོ་ཀོ་རི་ཡའི་སྲོལ་རྒྱུན་དམག་གིས་རུ་བསྒྲིགས་ཏེ་སྣེ་ལེན་ཞུས་པ་དང་བྱིས་པ་ཆུང་ཆུང་ཕོ་མོ་གཉིས་ཀྱིས་ཀེམ་ལ་མེ་ཏོག་གཉིས་ཕུལ་ཡོད་པ་རེད།

དེའི་རྗེས་ལྷོ་ཀོ་རི་ཡའི་ཞི་བདེ་ཁང་དུ་ཕྱིན་ཏེ་ཀེམ་གྱིས་མགྲོན་དེབ་ངོས་སུ་ས་རྟགས་བརྒྱབ་རྗེས། མགོ་འཁྲིད་གཉིས་ཀྱིས་གསར་འགོད་པ་༢༠༠༠ ལྷག་གི་མདུན་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་གྱིས་ང་ཚོའི་བར་གྱི་ཐུག་འཕྲད་ཡག་པོ་ཡོང་རྒྱུར་མི་མང་པོ་ཞིག་གིས་རེ་བ་ཆེན་པོ་བརྒྱབ་ཡོད་པ་རེད། འདས་པའི་ང་ཚོའི་གནས་སྟངས་ཀྱིས་ཕྱོགས་གཉིས་ལ་སློབ་སྦྱོང་མང་པོ་ཞིག་རག་ཡོད་པ་རེད། ཐ་ན་ང་ཚོས་ཕན་ཚུན་ལ་གྲོས་མོལ་བྱས་ཏེ་ཐག་གཅོད་བྱུང་ན་ཡང་ལས་དོན་དེ་དག་ལག་བསྟར་ཏག་ཏག་འགྲོ་མ་ཐུབ་པས་མི་མང་པོ་ཞིག་ལ་བློ་ཕམ་སྐྱེས་གཞིར་གྱུར་ཡོད་པ་རེད། ངའི་རེ་བར་འདས་ཟིན་པའི་ལོ་ངོ་༡༡ དེ་ངེས་མེད་དུ་བོར་བརླགས་ཕྱིན་སོང་ན་ཡང་ཐེངས་འདིའི་དུས་ཚོད་དེ་འཕྲོ་བརླག་ཏུ་མི་འགྲོ་བའི་རེ་བ་རྒྱག་གི་ཡོད། ང་ཚོས་མ་འོངས་པར་མུ་མཐུད་ཐུག་འཕྲད་བྱས་ཏེ་ང་ཚོའི་བསམ་བློ་ཕྱོགས་གཅིག་བསྡུ་ཆོག་པ་རེད། ངའི་རེ་བར་ང་ཚོས་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་འབྲི་ཐུབ་པ་དང་ལས་དོན་གསར་པ་ཞིག་མགོ་བརྩམ་ཐུབ་རྒྱུ་དེ་ང་དེ་རིང་འདིར་ཡོང་བའི་དམིགས་ཡུལ་གཙོ་བོ་ཡིན། ཞེས་བརྗོད་འདུག

དེ་བཞིན་ལྷོ་ཀོ་རི་ཡའི་མགོ་འཁྲིད་མོན་གྱིས། ངས་ང་ཚོའི་ཐེངས་འདིའི་ཐུག་འཕྲད་དེ་ང་ཚོ་ཕྱོགས་གཉིས་ལ་གལ་གནད་ཧ་ཅང་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། གནད་དོན་དེར་ང་ཚོ་ཚང་མའི་ཕྲག་ནས་འགན་འཁུར་གལ་ཆེན་ཞིག་ཆགས་ཡོད་པ་རེད། ཁྱེད་ཉིད་ང་ཚོའི་ལོ་རྒྱུས་ཁྲོད་དྲག་ཆས་དམག་གིས་གཏན་སྲུང་ས་ཚིགས་བརྒལ་མཁན་མགོ་ཁྲིད་ཐོག་མ་དེ་རེད། དྲག་ཆས་དམག་གིས་གཏན་སྲུང་ས་ཚིགས་འདི་མི་རིང་བར་ཕྱོགས་གཉིས་ཀྱི་ཞི་མཐུན་གྱི་མཚོན་རྟགས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་དང་། དེ་རིང་ཁྱེད་དང་ཐུག་འཕྲད་བྱུང་བར་དགའ་སྤྲོ་དང་བཅས་མགོ་འཁྲིད་ཀེམ་གྱིས་ཐུག་འཕྲད་འདི་དང་བསྟུན་ལས་དོན་གང་ཞིག་ལ་ཐག་གཅོད་བྱ་འདོད་ན་གུས་བརྩི་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ང་ཚོས་ལོ་ངོ་བཅུ་ཕྲག་༧ རིང་ཕན་ཚུན་སྐད་ཆ་བཤད་ཐུབ་མེད་པས། ངས་བསམ་ན་དེ་རིང་ངེད་གཉིས་ཉིན་གང་བོར་སྐད་ཆ་བཤད་ནས་འདུག་ཐུབ་པ་རེད། ཅེས་བརྗོད་འདུག

ལྷོ་བྱང་ཀོ་རི་ཡའི་མགོ་འཁྲིད་ཐུག་འཕྲད་ལ་ཕྱོགས་གཉིས་ཀྱི་མི་མང་གཙོའི་རྒྱལ་སྤྱིའི་སྒང་ནས་དོ་སྣང་ཤུགས་ཆེན་ཡོང་བཞིན་ཡོད་པ་དང་། བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་ཚང་མས་མགོ་འཁྲིད་གཉིས་ཀྱི་ཐུག་འཕྲད་རྒྱལ་ཡོངས་སུ་རྒྱང་སྲིང་བྱས་ཡོད་པ་དང་། དེ་ནི་བྱང་ཀོ་རི་ཡའི་གསར་ཁང་ཁག་གིས་ཡོངས་ཁྱབ་ངང་མགོ་འཁྲིད་ཐུག་འཕྲད་དང་ཆབ་སྲིད་གནད་དོན་སོགས་མི་མང་ལ་ཡོངས་བསྒྲགས་བྱས་པ་ཐེངས་དང་པོ་ཆགས་ཡོད་འདུག

ཁ་སང་ནས་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཁག་ཏུ་མི་མང་གིས་ཕྱོགས་གཉིས་ཀྱི་མགོ་འཁྲིད་ཀྱི་པར་དང་ས་ཁྲ་སོགས་ཁུར་ནས་ཐེངས་འདིའི་ཐུག་འཕྲད་ལ་དགའ་བསུ་དང་ཞི་མཐུན་ཡོང་དགོས་པའི་འབོད་ཚིག་བསྒྲགས་ཡོད་པ་དང་། དེ་རིང་ལྷོ་ཀོ་རི་ཡའི་མི་ཞིག་གིས་(CNN)གསར་ཁང་ལ་ང་དེ་རིང་མགོ་འཁྲིད་གཉིས་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཐུག་འཕྲད་ལ་ལྟ་རུ་ཡོང་བ་ཡིན། ཕྱོགས་གཉིས་ཀྱི་མགོ་འཁྲིད་ཀྱིས་ཕན་ཚུན་འཛུམ་མདངས་ཁྲོད་ལག་འཇུ་དང་ཐུག་འཕྲད་བྱས་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཞེས་བརྗོད་འདུག

སང་ཉིད་གཟའ་སྤེན་པའི་ཉིན་མགོ་འཁྲིད་གཉིས་མཉམ་གཅིག་ཏུ་འཛོམས་ཏེ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མཚམས་འཇོག་གཙོའི་གནད་དོན་མང་པོ་ཞིག་གི་ཐད་གྲོས་མོལ་བྱ་རྒྱུ་ཡིན་འདུག དེ་རིང་ཨ་རིའི་ལྷོ་ཀོ་རི་ཡའི་གཞུང་ཚབ་པ་(Evans Revere)གྱིས་གསར་འགོད་པར། ང་ཚོའི་ངོས་ནས་ཐེངས་འདིའི་ཐུག་འཕྲད་ལ་རེ་བ་ཆེན་པོ་རྒྱག་གི་ཡོད་ལ། ངས་འདས་པའི་མགོ་འཁྲིད་ཁག་གི་ཐུག་འཕྲད་གཞིར་བཞག་ནས་བསམ་ན་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མཚམས་འཇོག་གི་ལས་དོན་དེ་དོན་དངོས་ཤིག་ཡིན་མིན་ལ་དོགས་གཞི་བྱེད་ཀྱི་ཡོད། ང་ལ་མཚོན་ན་གནད་དོན་དེ་ད་དུང་ཐག་གཅོད་མི་ཐུབ་པ་ཞིག་རེད། ངས་བསམ་ན་ཁོང་ཚོ་ལམ་ཁ་དེར་འགྲོ་རྒྱུ་མ་རེད་བསམ་ཡོད། གལ་ཏེ་སང་ཉིན་ཕྱོགས་གཉིས་ཀྱི་མགོ་འཁྲིད་གཉིས་མདུན་ཅོག་གཅིག་གི་སྟེང་ནས་ཐུག་འཕྲད་བྱས་ཏེ། བྱང་ཀོ་རི་ཡའི་ང་ཚོས་དངོས་གནས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་མཚམས་འཇོག་དང་ཞི་མཐུན་གྱི་ལམ་ཁར་འགྲོ་ཡི་ཡིན་པའི་ཐག་གཅོད་བྱུང་བ་ཡིན་ན། ཉིན་དེར་འཛམ་གླིང་སྒང་གི་ཆེས་སེམས་པ་སྐྱིད་ཤོས་ཀྱི་མི་དེ་ང་ཡིན་རྒྱུ་རེད། ཡིན་ན་ཡང་། འདས་པའི་དུས་ཚོད་ལ་ཕྱིར་བལྟས་བྱས་པ་ཡིན་ན་ང་ལ་དེ་ལྟར་ཡོང་མིན་གྱི་དོགས་གཞི་ཡོད། ཅེས་བརྗོད་འདུགརྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ལོ་༡༩༥༠ ནས་༥༣་བར་གྱི་ཀོ་རི་ཡའི་དམག་འཁྲུག་དེ་དངོས་སུ་ཆིངས་ཡིག་བཞག་ནས་མཇུག་བསྒྲིལ་པ་ཞིག་མིན་པར་གནས་སྐབས་ཀྱི་མཚམས་བཞག་པ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་ན་ཡང་། ཐེངས་འདིའི་ཐུག་འཕྲད་སྐབས་ལྷོ་བྱང་ཀོ་རི་ཡའི་ལོ་རྒྱུས་ཀྱི་དམག་འཁྲུག་ཆེན་མོ་དངོས་སུ་མཚམས་བཞག་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་རྒྱུ་ཡིན་སྐོར་འཁོད་འདུག་ལ། ཐེངས་འདིའི་ཐུག་འཕྲད་ལ་ཨ་རི་དང་རྒྱ་ནག་གཙོའི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་། ཕྱོགས་གཉིས་ཀྱི་སེལ་དགོས་པའི་གནད་དོན་ཁག་ཅིག་སྟེ་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་དམག་མི་འབུམ་ཕྲག་མང་པོ་འགྲེམ་འཇོག་བྱས་ཡོད་པ་ཕྱིར་འཐེན་དང་། ཕྱོགས་གཉིས་ཀྱི་མཚོ་དམག་གིས་རང་གི་མཚོ་ཁོངས་སུ་སྐོར་གཡེང་བྱེད་ཀྱི་ཡོད་པ་མཚམས་འཇོག ལྷོ་ཀོ་རི་ཡ་དང་ཨ་རིའི་དམག་གི་འབྲེལ་བ་བཙུགས་ནས་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་རིའི་དམག་བཞག་ཡོད་པ་ཕྱིར་འཐེན།  བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ནས་ལྷོ་ཀོ་རི་ཡར་འཇིགས་སྐུལ་བྱེད་མཚམས་འཇོག་རྒྱུ་བཅས་ཡིན་པ་རེད།

ཐེངས་འདིའི་ཐུག་འཕྲད་ནི་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་མཚམས་བཞག་རྗེས་ཀྱི་ཐུག་འཕྲད་ཐེངས་དང་པོ་དེ་མ་ཡིན་པར། ཕྱི་ལོ་༢༠༠༠ དང་༢༠༠༧ ལོར་ལྷོ་ཀོ་རི་ཡའི་མགོ་འཁྲིད་འདས་པོ་ཀེམ་ཌེ་ཇོན(Kim Dae-jung)དང་རོའུ་མོ་ཧེན(Roh Moo-hyun)གཉིས་བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨེལ(Kim Jong IL)དང་ཐུག་འཕྲད་བྱས་ཡོད་པ་དང་། མགོ་འཁྲིད་ཀེམ་ཌེ་ཇོན་སྐབས་སུ་ཕྱོགས་གཉིས་ཀྱི་མི་མང་ཚོ་ཕན་ཚུན་གཉེན་འཕྲད་དུ་བསྐྱོད་ཆོག་པའི་གྲོས་བསྡུར་བྱས་ཡོད་པ་དང་། མགོ་འཁྲིད་རོའུ་མོ་ཧེན་སྐབས་སུ་ཞི་བའི་གྲོས་མཐུན་དོན་ཚན་༨ ཞེས་པར་མོས་མཐུན་མིང་རྟགས་བཀོད་ཡོད་འདུག

ཉི་ཧོང་གིས་ ༡༩༡༠ ལོ་ནས་ཀོ་རི་ཡར་བཙན་འཛུལ་བྱས་པ་ནས་བཟུང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨ་རི་དང་ཨུ་རུ་སུ་གཉིས་མཐུན་ཕྱོགས་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་དེ་གཉིས་ཀྱི་དམག་དཔུང་ཀོ་རི་ཡར་བཏང་སྟེ་ཉི་ཧོང་བཙན་འཛུལ་བའི་འོག་ནས་བཅིངས་འགྲོལ་བཏང་། བཅིངས་འགྲོལ་བཏང་རྗེས་ཨ་རིའི་དམག་གིས་ཀོ་རི་ཡའི་ལྷོ་ཁུལ་རྣམས་བཟུང་བ་དང་། ཨུ་རུ་སུའི་དམག་གིས་ཀོ་རི་ཡའི་བྱང་ཁུལ་རྣམས་བཟུང་། མཐའ་མར་ཨ་རི་དང་ཨུ་རུ་སུ་གཉིས་ཀོ་རི་ཡ་རང་གི་སྲིད་གཞུང་སླར་གསོ་བྱེད་ཕྱོགས་ལ་མ་མཐུན་པ་ཆེན་པོ་བྱུང་སྟེ། རང་རང་གིས་བཟུང་བའི་ཀོ་རི་ཡའི་ལྷོ་བྱང་གི་ས་མཚམས་ལ་དམ་དྲག་བྱེད་འགོ་བཙུགས། གསར་དུ་བཙུགས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ ༡༩༤༧ ལོར་ཀོ་རི་ཡའི་ནང་སྲིད་གཞུང་གཅིག་རང་འཛུགས་རྒྱུའི་གྲོས་ཆོད་བཞག་ཀྱང་དེ་ལ་ཨུ་རུ་སུས་ངོས་ལེན་མ་བྱས། དེར་བརྟེན་ ༡༩༤༨ ལོར་ཀོ་རི་ཡའི་ནང་བྱང་དུ་ཨུ་རུ་སུས་རྒྱབ་སྐྱོར་བྱས་པའི་ཀོ་རི་ཡ་དམར་ཤོག་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ཞིག་དང་། ལྷོ་རུ་ཨ་རིས་རྒྱབ་སྐྱོར་བྱས་པའི་ལྷོ་ཀོ་རི་ཡ་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྲིད་གཞུང་གཉིས་དངོས་སུ་བཙུགས་ཡོད་པ་དང་། སྲིད་གཞུང་གཉིས་ཀས་རང་ཉིད་ཀོ་རི་ཡའི་ཁྲིམས་མཐུན་གྱི་གཞུང་ངོ་མ་དེ་ཡིན་སྐོར་ནན་བརྗོད་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༢༧

Leave a Reply

5 thoughts on “ལྷོ་བྱང་ཀོ་རི་ཡའི་ལོ་རྒྱུས་གསར་པའི་རེ་ལྟོས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    སྔ་མོ་བོད་ཀྱི་གཏམ་དཔེ་ལ་།
    ཕོ་ཁྲམ་པ་ཞིག་གི་བགོད་ཀྱི་བགོད་ཀྱི་བསླུ་།
    དམན་ཁྲམ་མ་ཞིག་གི་ངུ་གི་ངུ་གི་བསླུ་།
    ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
    བདེན་གཏམ་ངོ་བཤད་ཡོད་དོ་།