འབྲུག་དང་གླང་ཆེན་གྱིས་མཉམ་དུ་ཞབས་བྲོ་རྒྱོབ།

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་རྒྱ་དཀར་ནག་གི་འབྲེལ་ལམ་གོང་སྤེལ་ཆེད་ཐུག་འཕྲད་ཀྱི་བརྗོད་གཞི་གཏན་འཁེལ་མེད་པར་ཞི་ཅིན་ཕིན་ལ་དངོས་གཞི་མིན་པའི་ཐུག་འཕྲད་ཐེངས་དང་པོ་གནང་གི་ཡོད་འདུགཟླ་འདིའི་ཚེས་ ༢༡ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སོ་ཤི་མ་སོ་ར་ཇི་(Sushma Swaraj)ལགས་དང་། རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡས་གཉིས་མཉམ་འབྲེལ་ཐོག རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་ལྟར། དེ་རིང་ཕྱི་དྲོ་རྒྱ་ནག་གི་ཆུ་ཚོད་ ༣ ཐོག་སྲིད་འཛིན་ཞི་ཅིན་ཕིན་ལ་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་(Wuhan)ནང་དངོས་གཞི་མིན་པའི་ཐུག་འཕྲད་ཐེངས་དང་པོ་གནང་གི་ཡོད་འདུག ད་ལན་ནི་མུ་དྷི་མཆོག་སྲིད་བློན་དུ་བསྐོས་རྗེས་རྒྱ་ནག་ནང་ཕེབས་པ་ཐེངས་བཞི་པ་དེ་ཡིན་ལ། རྒྱ་དཀར་ནག་གཉིས་ཀྱི་ཚོང་འབྲེལ་དང་ས་མཚམས་རྩོད་རྙོག་ཞི་འཇགས་ཆེད་ཕེབས་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

པེ་ཅིན་གྱི་གསར་འགོད་གསལ་བསྒྲགས་སྐབས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལགས་ཀྱིས། རྒྱ་དཀར་ནག་གི་དབུ་འཁྲིད་གཉིས་ལ་ཐུག་འཕྲད་ཀྱི་གོ་སྐབས་བསྐྲུན་ཏེ་རྒྱལ་ཁབ་གཉིས་ཀྱི་གནད་དོན་དང་རྒྱལ་སྤྱིའི་གནད་དོན་ཁག་ལ་བསམ་ཚུལ་བརྗེ་རེས་དགོས་པ་ནི་ཧ་ཅང་གལ་གནད་ཆེན་པོ་མཐོང་གི་ཡོད་པ་དང་། རྒྱལ་ཁབ་གཉིས་བར་གྱི་མཐུན་པའི་ཆ་རྣམས་ལ་ཤུགས་སྐྱོན་ནས་མི་མཐུན་པའི་འགལ་བ་སེལ་བའི་ཐབས་ལམ་རྙེད་པར་ཡིད་ཆེས་ཡོད། ཅེས་བརྗོད་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་ཀྱིས། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་དོགས་པ་དང་མི་མཐུན་པ་སེལ་དགོས་པ་རེད། རྒྱ་ནག་གི་འབྲུག་དང་རྒྱ་གར་གྱི་གླང་ཆེན་གཉིས་ཀྱིས་ཕན་ཚུན་ལ་མི་འཐབ་པར་ངེས་པར་དུ་མཉམ་དུ་ཞབས་བྲོ་རྒྱག་དགོས་རེད། ཅེས་བརྗོད་འདུག

བརྒྱུད་ལམ་དུ་བཀོད་པའི་ཐུག་འཕྲད་ཀྱི་ལས་རིམ་ལྟར་ན། དེ་རིང་རྒྱ་ནག་གི་ཉིན་རྒྱབ་ཆུ་ཚོད་ ༣ པ་ཐོག་ཝུའུ་ཧན་གྲོང་ཁྱེར་ཧོ་པེ་ཞིང་ཆེན་འགྲེམས་སྟོན་ཁང་དུ་སྲིད་བློན་མུ་དྷི་མཆོག་གིས་ཞི་ཅིན་ཕིན་ལ་ཐུག་འཕྲད་གནང་སྟེ། འགྲེམས་སྟོན་ཁང་ལ་མཉམ་དུ་གཟིགས་སྐོར་གནང་རྒྱུ་དང་། ཕྱི་དྲོའི་ཆུ་ཚོད་ ༦ པ་ཐོག་རྒྱལ་ཁབ་ཕན་ཚུན་གྱི་གཞུང་ཞབས་པ་ ༦ རེ་བཅས་མཇལ་འཛོམས་དང་། ཆུ་ཚོད་ ༦།༤༠ ཐོག་ཞི་ཕིན་གྱིས་མུ་དྷི་མཆོག་ལ་དགོང་དྲོའི་གསོལ་ཚིགས་འབུལ་རྒྱུ་ཡིན་འདུག སང་ཉིན་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་ནས་བཟུང་མགོ་འཁྲིད་གཉིས་བར་བཀའ་མོལ་གནང་དང་། གུང་ཟས་ལ་མཉམ་དུ་རོལ་བ་སོགས་ཀྱི་འཆར་གཞི་ཡོད་འདུག

ཕྱི་ལོ་ ༢༠༡༧ ནང་འབྲོག་ལམ་ས་མཚམས་ལ་རྩོད་རྙོག་བྱུང་བ་ནས་བཟུང་རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་དང་། ན་ནིང་ཕྱི་ཟླ་ ༤ པའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡས་རྒྱ་གར་ལ་གཞུང་འབྲེལ་སྐོར་སྐྱོད་དུ་ཡོང་བའི་གྲ་སྒྲིག་ཡོད་ཀྱང་། མཐའ་མཚམས་རྩོད་རྙོག་ལ་བརྟེན་ནས་རྩིས་མེད་བཏང་ཡོད་པ་དང་རྒྱ་ནག་གཞུང་གིས་གླང་ཆེན་ཁ་འབབ་དང་ཡར་ཀླུང་གཙང་པོའི་ཆུ་མཛོད་ཁག་གི་དཔྱད་གཞི་ཡིག་ཆ་ཁག་རྒྱ་གར་ལ་སྤྲོད་མཚམས་བཞག་ཡོད་འདུག

ཟླ་སྔོན་མ་ནས་བཟུང་ཨ་རིས་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་ལ་རྒྱལ་ཁྲལ་ཤུགས་ཆེན་སྤར་བ་ནས་བཟུང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་ཚད་ཇེ་དལ་དུ་འགྲོ་བཞིན་ཡོད་སྟབས། ཐེངས་འདིའི་ཐུག་འཕྲད་བརྒྱུད་རྒྱ་དཀར་ནག་བར་གྱི་ཚོང་འབྲེལ་རྒྱ་སྐྱེད་དང་ས་མཚམས་ཀྱི་རྩོད་རྙོག་འདུམ་འགྲིག་ཡོང་བར་ཕྱོགས་གཉིས་ནས་འབད་བརྩོན་དང་རེ་བ་ཆེན་པོ་རྒྱག་བཞིན་ཡོད་འདུག རྒྱ་གར་མུ་དྷི་གཞུང་འཛིན་ཚོགས་པས་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་དང་ཚོང་འབྲེལ་ཇེ་བཟང་དུ་བཏང་སྟེ། བསླེབ་ལ་ཉེ་པའི་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོར་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བརྗོད་ཀྱི་འདུག

ལོ་འདིའི་ཕྱི་ཟླ་ ༦ ནང་། རྒྱ་ནག་ནང་རྒྱ་གར་དང་རྒྱ་ནག ཨུ་རུ་སུ། ར་ཤེ་ཡ་དང་ཁ་ཛག་སི་ཐན། ཁེར་གྷེ་སི་ཐན་བཅས་རྒྱལ་ཁབ་ལྔ་ལས་གྲུབ་པའི་ཧྲང་ཧེ་མཉམ་འབྲེལ་ཚོགས་པའི་(Shanghai Cooperaion Organazation)དཔལ་འབྱོར་དང་ཆབ་སྲིད། བདེ་འཇགས་བཅས་ཀྱི་ཚོགས་འདུ་ཞིག་འཚོགས་གཏན་འཁེལ་ཡོད་པས། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་མཉམ་ཞུགས་གནང་འཆར་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༤/༢༧

Leave a Reply

2 thoughts on “འབྲུག་དང་གླང་ཆེན་གྱིས་མཉམ་དུ་ཞབས་བྲོ་རྒྱོབ།

  1. ལོ་རྒྱུས་ཐོག་ནས་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ལམ་ཁ་སྔ་མོ་ནས་འདེམས་ཚར་བ་རེད། ད་ནི་རྒྱ་གར་ལ་ལམ་ཁ་གཞན་ནི་མེད་པ་གསལ་བོར་རེད། ལམ་ཁ་དེ་ནི་རྒྱ་དཀར་ནག་གི་འབྲེལ་ལམ་ཡར་རྒྱས་བཏང་སྟེ་བོད་ནི་ནམ་ཡང་རྒྱ་ནག་གི་མངའ་ཁོངས་སུ་མི་སྡོད་རང་སྡོད་རེད།