སྐྱབས་བཅོལ་ལག་དེབ་ཆེད་རྩོད་པ་མ་རྒྱག་ཚང་མས་རག་ཡོང་གི་རེད།

གནས་ཡུལ་ལ་ཐུགས་རྗེ་ཆེ་ཞུའི་གློག་བརྙན་འགྲན་བསྡུར་ནང་ཞུགས་མཁན་ཡག་ཤོས་གཉིས་ལ་ཧིན་སྒོར་འབུམ་གཉིས་ཀྱི་བྱ་དགའ་ཡོད།དེ་རིང་ཉིན་གུང་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། ཤར་གླིང་ཟླ་སྒྲོན་ལགས་བཅས་ནས་ཕྱི་དྲིལ་དྲ་བརྙན་སྡེ་ཚན་ནས་བཟོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་ཡོད་པའི་མཉེན་ཆས་གསར་པ་ཞིག་དབུ་འབྱེད་དང་འབྲེལ། བོད་མིའི་སྒྲིག་འཛུགས་དྲ་བརྙན་སྡེ་ཚན་གྱི་ངོས་ནས་ཐུགས་རྗེ་ཆེ་ཞེས་པའི་བརྗོད་གཞིའི་ཐོག་བོད་རིགས་གཞོན་སྐྱེས་ཚོས་གནས་ཡུལ་རྒྱལ་ཁབ་ཁག་ལ་ཐུགས་རྗེ་ཆེ་ཞེས་པའི་གློག་བརྙན་འགྲན་བསྡུར་ཞིག་ཡོད་པའི་གསལ་བསྒྲགས་གནང་སོང་།

དབུ་འབྱེད་མཛད་སྒོའི་ཐོག་མར་དྲུང་ཆེ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་མཉེེན་ཆས་དེ་བཟོ་དགོས་པའི་སྐོར་ལ་ངོ་སྤྲོད་གནང་དོན། སྤྱིར་འཛམ་གླིང་ཡོངས་སུ་གནས་ཚུལ་སྤེལ་སྟངས་དང་གནས་ཚུལ་འགྲེམས་སྤེལ་བྱེད་སྟངས་ཐད་ལོ་ཁ་ཤས་ནང་འགྱུར་བ་ཤུགས་ཆེན་པོ་ཞིག་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་འཛམ་གླིང་ཡོངས་སུ་ལག་འཁྱེར་ཁ་པར་དྲ་རྒྱའི་ལམ་ནས་གནས་ཚུལ་ལྟ་མཁན་ཐེར་འབུམ་ ༢ ་ལས་མེད་ན་ཡང་། ཕྱི་ལོ་༢༠༡༩ ལོ་ནས་འཛམ་གླིང་ཡོངས་སུ་ཁ་པར་བེད་སྤྱོད་མཁན་ཐེར་འབུམ་༢.༥ ཆགས་རྒྱུ་ཡིན་པ་དང་། དེ་ནི་འཛམ་གླིང་ཡོངས་ཀྱི་མི་འབོར་བརྒྱ་༣༦ གིས་ལག་འཁྱེར་ཁ་པར་ནང་དུ་དྲ་རྒྱའི་མཐུན་རྐྱེན་ཡོད་པའི་ཐོག་ནས་གནས་ཚུལ་དེ་དག་གང་ཟག་མི་སྒེར་ལ་འབྱོར་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༡༩་ལོ་ནས་འཛམ་གླིང་ཡོངས་སུ་ལག་འཁྱེར་ཁ་པར་ཡོད་མཁན་མི་འབོར་ཐེར་འབུམ་༥ དང་བརྒྱ་ཆ་༧༢ ཆགས་ཀྱི་ཡོད་དུས། གསར་འགྱུར་སྤེལ་སྟངས་དང་གནས་ཚུལ་མཁོ་སྤྲོད་བྱེད་སྟངས་ལ་འགྱུར་བ་ཆེན་པོ་ཞིག་བྱུང་རྒྱུ་ཡིན་པ་རེད་ལ། དུས་རྒྱུན་གྱི་གནས་ཚུལ་སྤེལ་སྟངས་དང་ལེན་སྟངས་དབྱིན་ཡིག་གི་(W)ལྔ་དང་(H)གཅིག་ཞེས་པར་འགྱུར་བ་ཐེབས་ནས། དེང་སང་དེ་ལས་ཀྱང་གསར་འགྱུར་སྤེལ་སྟངས་དེ་མྱུར་ཚད་ཤུགས་ཚད་དང་ཁྱབ་ཚད་བཅས་ལ་དོ་སྣང་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་ཟླ་སྒྲོན་ལགས་ཀྱིས། ད་ལྟའི་དུས་ཚོད་འདི་ལྟ་བུར་མཚོན་ན་བོད་མིའི་སྒྲིག་འཛུགས་ངོས་ནས་གནས་ཚུལ་ནམ་རྒྱུན་ནས་སྤེལ་བསྡད་ཡོད་པ་རེད། ཡིན་ན་ཡང་། གནས་ཚུལ་དེ་དག་མང་ཚོགས་དང་མི་སྒེར་ལ་སླེབས་ཐུབ་པའི་མཐུན་རྐྱེན་སྦྱར་ནས་གྲུབ་པ་དེ་ཐེངས་འདིའི་མཉེེན་ཆས་དེ་ཆགས་ཡོད་པ་རེད། ད་ལྟའི་དུས་ཚོད་འདིར་མི་ཚང་མས་ལག་འཁྱེར་ཁ་པར་སྤྱད་ནས་གནས་ཚུལ་ལྟ་ཀློག་བྱེད་ཀྱི་ཡོད་པའི་གནས་སྟངས་ལ་གཟིགས་ཏེ། ང་ཚོས་ངོས་ནས་ཟླ་བ་མང་པོའི་རིང་དཀའ་ལས་བརྒྱབ་སྟེ་དེ་རིང་གི་མཉེེེན་ཆས་འདི་བཟོས་པ་ཡིན། ཞེས་བརྗོད་སོང་།

དེའི་རྗེས་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་ལས་དོན་དང་མཉེན་ཆས་གསར་བཟོ་དགོས་པའི་སྐོར་ལ་གསུངས་དོན། གཞི་རྩའི་ཆ་ནས་ང་ཚོའི་ལྔ་དང་ལྔ་བཅུའི་འཆར་སྣང་ནང་དུ་ལོ་ལྔ་དང་ལོ་ལྔ་བཅུའི་འཆར་སྣང་ཞེས་འཆར་གཞི་ཞིག་འགྲོ་བསྡད་ཡོད་པ་རེད། དངོས་ཡོད་གནས་ཚུལ་གཅིག་ག་རེ་རེད་ཅེས་ན་བོད་པའི་མི་འབོར་ཁག་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱལ་ཁབ་༢༠ དང་༣༠ ནང་འཐོར་ནས་ཡོད་པ་རེད་ལ། དེ་བཞིན་གཞིས་ཆགས་ཁག་གི་ནང་དང་མཐོ་རིམ་སློབ་གྲྭ་ཁག་གི་ནང་དུ་ཡོད་པ་རེད། སྤྱི་ཡོངས་ནས་ང་ཚོས་ལོ་༡༠ ལྷག་གི་ནང་ལ་གཟིགས་མཐོང་བརྙན་འཕྲིན་ལམ་ནས་གནས་ཚུལ་ཁག་ལ་གཟིགས་པ་རེད། ད་ལྟ་འཛམ་གླིང་ཡོངས་སུ་འཕྲུལ་ཆས་དང་ལྷག་པར་དུ་ལག་འཁྱེར་ཁ་པར་ཤུགས་ཆེན་དར་ཡོང་ཡོད་དུས། ང་ཚོས་བོད་པའི་མི་མང་ལ་མཚོན་ན་དེ་དག་ལ་སྙོབ་ཐུབ་པའི་ཆེད་མཉེན་ཆས་དེ་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་དང་ལྷན་ཁང་ཁག་གིས་ག་རེ་གནང་གི་ཡོད་པའི་སྐོར་དང་། གཙོ་ཆེ་ཤོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དྷ་སར་གསུང་ཆོས་དང་བཀའ་སློབ་ག་རེ་གནང་བ་ཡིན་ནའང་ཐད་གར་དངོས་སུ་མཇལ་རྒྱུ་ཡོད་པ་ཞིག་དང་། ནང་ལ་སོང་ནས་གཟིགས་མཐོང་བརྙན་འཕྲིན་ཁ་ཕྱེ་མི་དགོས་པར་སོ་སོ་གང་དུ་ཡོད་ན་ཁ་ཕྱེ་ནས་ལྟ་ཐུབ་རྒྱུ་གལ་ཆེན་ཡིོན་དུས། ང་ཚོས་མཐུན་རྐྱེན་སྦྱར་ནས་ཕྱི་དྲིལ་ལས་ཁུངས་ནས་མཉེེན་ཆས་གསར་བཟོ་ལས་དོན་དེ་བསྒྲུབས་པ་རེད ཅེས་གསུངས་སོང་།

ཡང་ཁོང་གིས་དེ་སྔོན་ནས་བོད་མིའི་དྲ་རྒྱ་ཡོད་པ་རེད་དེ་ཕྱིས་སུ་ཡར་རྒྱས་བཏང་ནས་ད་ལྟ་དྲ་རྒྱ་ཀློག་མཁན་ས་ཡ་༦ ལས་བརྒལ་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ངོ་དེབ་ལྟ་བཤེར་མཁན་ས་ཡ་༦ ལས་བརྒལ་ཡོད་པ་དང་བོད་མིའི་དྲ་བརྙན་ལེ་ཚན་ལ་ངོ་དེབ་བརྒྱུད་ལྟ་མཁན་ས་ཡ་༦ ལས་བརྒལ་ཡོད་པ་རེད། དེ་འདྲའི་ལྟ་མཁན་མང་པོ་བྱུང་གི་ཡོད་དུས་མི་སྒེར་སོ་སོའི་ལག་འཁྱེར་ཁ་པར་ནང་མཉེན་ཆས་རེ་རེ་ཡོད་པ་ཡིན་ན་དེ་ལས་ཀྱང་ལྟ་བཤེར་མཁན་ས་ཡ་༦ ནས་༦ དང་༨་ལ་འཕར་འགྲོ་བའི་རེ་བ་ཞུ་བཞིན་ཡོད་ལ། དེ་བཞིན་བོད་ནང་གི་བོད་མི་ཚོས་གཟིགས་པ་ཡིན་ན་ཏན་ཏན་ང་རང་ཚོར་སྒྲིག་འཛུགས་ཤིག་འདུག་ལ། སྒྲིག་འཛུགས་དེས་ཤེས་ཡོན་དང་འཕྲོད་བསྟེན་ཆོས་ཕྱོགས་སོགས་འདི་འདྲ་ལས་དོན་གནང་གི་འདུག་ལ། རྒྱལ་སྤྱིའི་སྒང་དང་རྒྱ་གར་ནང་དུ་ལས་དོན་ཐད་འབད་བརྩོན་བྱེད་ཀྱི་འདུག་ཟེར་བ་ཡིན་ན། ནམ་རྒྱུན་རྒྱ་ནག་གཞུང་གིས་ཡིན་པ་དེ་མིན་པར་བསྒྲུབས་ནས་བཤད་བཞིན་ཡོད་དུས། ང་རང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱག་ལས་གནང་གི་འདུག་ཞེས་པ་ཞིག་ཡོད་པ་རེད། ཅེས་གསུངས་སོང་།

དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཕྱི་ལོ་༢༠༡༨ ལོ་དེ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་དམངས་གཉིས་གཙོའི་བོད་མི་གནས་སྡོད་ཀྱི་ས་ཆ་ཚང་མར་ཐུགས་རྗེ་ཆེ་ཞུ་ལོ་ལ་སྲུང་གཙི་བྱེད་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲ་བརྙན་ཚན་པས་རྒྱ་གར་གཞུང་དམངས་གཉིས་གཙོའི་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་ཐུགས་རྗེ་ཆེ་ཞུ་པའི་ལས་འགུལ་གྱི་ཆ་ཤས་གཅིག་ནང་གློག་བརྙན་ཐུང་ཐུང་བཟོ་རྒྱུའི་ལས་རིམ་ཞིག་ཡོད་པ་རེད། གཙོ་བོ་བོད་ཕྱི་ན་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོར་གློག་བརྙན་བཟོ་པའི་འདུན་པ་དང་བློ་སྤོབས་ཡོང་ཆེད་ཡིན་པ་དང་། ལས་རིམ་དེའི་ནང་རིམ་པ་ཁ་ཤས་ཤིག་ཡོད་པ་དེ་ཨ་རིའི་ལྷོ་བྱང་གཉིས་གཙོའི་ཨ་རིའི་ཁྱབ་ཁོངས་སུ་ཡོད་པའི་བོད་པ་གནས་སྡོད་ཀྱི་ས་ཁུལ་ཁག་གིས་ཨ་རིར་ཐུགས་རྗེ་ཆེ་ཞུས་པའི་གློག་བརྙན་གཉིས་བཟོ་རྒྱུ་དང་། ཡོ་རོབ་ཁུལ་དུ་གནས་སྡོད་བོད་རིགས་གཞོན་སྐྱེས་ཚོས་ཡོ་རོབ་རྒྱལ་ཁབ་སོ་སོའི་ནང་ལ་ཐུགས་རྗེ་ཆེ་ཞུ་པའི་གློག་བརྙན་གཉིས་བཟོ་རྒྱུ། དེ་བཞིན་རྒྱ་གར་ནང་ན་ཡོད་མཁན་ཚོས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞེས་གློག་བརྙན་གཉིས། ལྷོ་ཤར་ཨེ་ཤ་ཡའི་ཁུལ་གྱི་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཊི་སོགས་ཐུགས་རྗེ་ཆེ་ཞེས་གློག་བརྙན་གཅིག་བཅས་ཁྱོན་བསྡོམས་གློག་བརྙན་བདུན་བཟོ་རྒྱུའི་འཆར་གཞི་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས་གློག་བརྙན་དེའི་བརྗོད་གཞི་གོང་དུ་བཤད་པ་བཞིན་རྒྱལ་ཁབ་སོ་སོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་གློག་བརྙན་གྱི་དུས་ཡུན་སྐར་མ་༡༥ ཡིན་པ་དང་བཟོ་མཁན་བོད་རིགས་ཡིན་དགོས་པ་རེད། གློག་བརྙན་དེ་དག་བཟོས་ཚར་རྗེས་ཕྱི་དྲིལ་ནས་དྲག་འདེམས་ཀྱིས་ཡག་ཤོས་གཉིས་ལ་དྲ་བརྙན་ཚན་པའི་ངོས་ནས་ལེགས་གསོལ་བྱ་དགའ་རྒྱ་གར་སྒོར་འབུམ་གཉིས་སྤྲོད་རྒྱུ་ཡིན། ཞེས་བརྗོད་སོང་།

མཇུག་ཏུ་སྲིད་སྐྱོང་མཆོག་གིས་བལ་ཡུལ་དང་འབྲུག་ནས་ཡིན་པའི་བོད་པའི་སློབ་ཕྲུག་ཁག་དང་། རྒྱ་གར་བཅས་ནས་ཁྱོན་བོད་མི་༩༥༥ ལ་སྐྱབས་བཅོལ་ལག་དེབ་མེད་པའི་དཀའ་ངལ་འཕྲད་དེ། དེའི་སྐོར་དེ་སྔོན་གྲོས་ཚོགས་ནང་དུ་ལབ་གླེང་བྱུང་བ་ལྟར།  རྒྱ་གར་གཞུང་ངོས་ནས་ཚང་མར་སྐྱབས་བཅོལ་ལག་དེབ་བཟོ་རྒྱུར་བཀའ་འཁྲོལ་ཐོབ་ནས་བཟོ་བཞིན་ཡོད་སྟབས་དོ་བདག་སོ་སོའི་སློབ་གྲྭ་དང་། ས་གནས་ཁག་བཅས་ལ་འབྲེལ་བ་བྱས་ནས་སྐྱབས་བཅོལ་ལག་དེབ་ལེན་ཐབས་བྱེད་དགོས་པ་དང་།  ས་གནས་ཁག་ཅིག་ནས་སྐྱབས་བཅོལ་ལག་དེབ་བཟོ་བར་དུས་ཡུན་གང་འཚམ་འགོར་གྱི་ཡོད་སྟབས། བཀའ་འཁྲོལ་ཐོབ་འདུག་ཟེར་བ་དང་སྐྱབས་བཅོལ་ལག་དེབ་སྤྲོད་དགོས་པར་བརྗོད་ནས་ལས་ཁུངས་ཁག་ལ་རྩོད་པ་སོགས་མ་བརྒྱབ་པ་དང་རིམ་པས་ཚང་མར་རག་ཡོང་གི་ཡོད་པ་རེད། ཅེས་གསལ་བསྒྲགས་གནང་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༢༧

Leave a Reply

2 thoughts on “སྐྱབས་བཅོལ་ལག་དེབ་ཆེད་རྩོད་པ་མ་རྒྱག་ཚང་མས་རག་ཡོང་གི་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་།

    བོད་མི་བཙན་བྱོལ་བ་གནས་སྡོད་བྱེད་སའི་རྒྱལ་ཁབ་འབྲུག་དང་བལ་ཡུལ་གཉིས་སྣང་མེད་དུ་བཞག་ན་འགྲིག་གི་ཨ་ཡོད་ན་མཁེ་ཉེན་མ་ནོར་བ་བྱ་རྒྱུ་གལ་ཆེ་།