སྒྲུང་ཐུང་ཐུང་ནང་ཕྱོགས་མང་པོ་ནས་བསམ་བློ་གཏོང་ས་འདུག

རང་དབང་དང་ཤེས་ཡོན་གྱི་གོ་སྐབས་སོགས་འཐོབ་ཆེད་བོད་རིགས་བྱིས་པ་མང་པོ་ཆུང་དུས་ནས་ཕ་མ་དང་ཁ་བྲལ་ཏེ་བཙན་བྱོལ་དུ་ཡོང་ནས་དཀའ་སྡུག་མང་པོར་གདོང་ལེན་བྱེད་དགོས་ཁེལ་བའི་སྐོར་གྱི་ངའི་བུ་བསྟན་འཛིན་ཞེས་པའི་གློག་བརྙན་ཞིག་བསྟན་སོང་།

ཟླ་འདིའི་ཚེས་ ༢༩ ཉིན་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ། ཨ་རིར་གནས་སྡོད་གློག་བརྙན་འཁྲབ་འཁྲིད་པ་ཚུལ་ཁྲིམས་རྡོ་རྗེ་ལགས་དང་བཀྲིས་དབང་ཕྱུག་ལགས་ཀྱིས་འཁྲབ་འཁྲིད་བྱས་པའི་ངའི་བུ་བསྟན་འཛིན་ཞེས་པའི་གློག་བརྙན་དེ་གཟིགས་འབུལ་ཞུས་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བཞུགས་སྒར་དྷ་རམ་ས་ལའི་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་དང་བུད་མེད་ལྷན་ཚོགས་ཀྱི་འཐུས་ཚབ། དེ་བཞིན་ལྟད་མོ་བ་ ༢༠༠ ཙམ་འཛོམས་འདུག

གློག་བརྙན་གཟིགས་འབུལ་མ་ཞུས་གོང་དུ་ཟླ་བ་རིན་ཆེན་ལགས་ནས་ངའི་བུ་བསྟན་འཛིན་ཞེས་པའི་གློག་བརྙན་གྱི་སྐོར་ཁོང་གིས། གློག་བརྙན་བཟོ་སྐྲུན་དང་འཕྲུལ་ལས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་བྱེད་པ་དང་། ཤེས་ཡོན་སྦྱོང་བརྡར་སྤྲོད་པ་དང་སློབ་གསོ་སྤེལ་བ་ནི་ང་རང་ཚོའི་སྤྱི་ཚོགས་ནང་རྒྱལ་ཁབ་གཞན་དང་བསྡུར་ན་ལོ་རྒྱུས་ནང་གསར་པ་ཞིག་ཆགས་ཡོད་རེད། རྐྱེན་ངན་གྲོགས་ཆགས་སུ་གྱུར་ནས་ང་ཚོ་རྒྱ་ནག་གི་བཙན་འོག་ཏུ་ཚུད་པ་རེད་དེ། གནད་དོན་མང་པོ་ཞིག་ལ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་དང་ཚང་མས་ཧུར་པོ་གནང་བ་ལ་བརྟེན་ནས་གོ་སྐབས་མང་པོ་ཞིག་རག་བསྡད་ཡོད་རེད། རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་གནང་མཁན་གང་འཚམ་ཞིག་གིས་བོད་དོན་ཐོག་ཐུགས་གནང་བྱུང་ཡོད་རེད། དེ་ཙམ་མ་ཡིན་པར་བོད་མིའི་ཁྲོད་དུའང་གློག་བརྙན་བཟོ་སྐྲུན་ལ་སློབ་སྦྱོང་བྱེད་མཁན་གང་འཚམ་ཡོང་བཞིན་ཡོད་པ་རེད། ཅེས་དང་། འདས་པའི་དུས་ཚོད་ནང་བོད་ནང་དུ་གསང་པའི་ཐོག་ནས་གློག་བརྙན་བཟོ་སྐྲུན་བྱས་པ་ལ་བརྟེན་ནས་ཆབ་སྲིད་ཀྱི་ཐོག་ནས་འགྱུར་བ་དང་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད་པ་དཔེར་ན་དོན་གྲུབ་དབང་ཆེན་གྱི་འཇིགས་བྲལ་ལྟ་བུ་སོགས་ཆགས་བསྡད་ཡོད་རེད། དེ་མ་ཡིན་པའི་སྤྱི་བཏང་གི་ཤེས་ཡོན་དང་ལོ་རྒྱུས་ཡིག་ཚགས་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང་ཆབ་སྲིད་གྱི་གོ་རྟོགས་སྤེལ་བ་སོགས་གློག་བརྙན་བརྒྱུད་བྱེད་ཐུབ་ཀྱི་ཡོད་ཙང་གློག་བརྙན་བཟོ་སྐྲུན་གལ་ཆེན་པོ་མཐོང་གི་ཡོད། ཅེས་བརྗོད་སོང་།

གློག་བརྙན་གཟིགས་འབུལ་ཞུ་མཁན་བསྟན་འཛིན་ཟླ་བ་ལགས་ཀྱིས་འདི་གའི་གསར་འགོད་པར། གློག་བརྙན་འདི་འཁྲབ་འཁྲིད་བྱེད་མཁན་ཝ་ཤིན་ཊོན་དུ་ཞུགས་པའི་ཚུལ་ཁྲིམས་རྡོ་རྗེ་ལགས་དང་བཀྲིས་དབང་ཕྱུག་ལགས་གཉིས་ཡིན་པ་དང་། གློག་བརྙན་འདི་ཐོག་དང་པོ་མིན་པར་ཁོང་གཉིས་ཀྱིས་ཨ་ནི་ཐ་ནི་དང་རེ་ཆར་ཊི་གྷིར་ངའི་དཔའ་བོ་ཞེས་པའི་གློག་བརྙན་གཉིས་འཁྲབ་འཁྲིད་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ལོའི་གློག་བརྙན་ངའི་བུ་བསྟན་འཛིན་ཐོག་དང་པོར་ཨ་རིའི་ཁོ་ལེ་ཧྥོར་ནེ་ཡ་ནང་གཟིགས་འབུལ་ཞུས་ཡོད་པ་དང་། རྒྱ་གར་ནང་དེ་རིང་ཐེངས་དང་པོ་བསྟན་པ་རེད། གློག་བརྙན་ནང་གི་སྒྲུང་ནི་བུ་བསྟན་འཛིན་ཆུང་དུས་ནས་རང་གི་ཕ་མ་དང་ཁ་བྲལ་ཏེ་བོད་ནས་རྒྱ་གར་དུ་ཡོང་པ་དང་། རྗེས་སུ་ཨ་རིར་སོང་ནས་ཁོའི་ཨ་ཕས་མི་ལོ་ཉི་ཤུ་ལྷག་ལ་མཐོང་ཐོས་སུ་མ་གྱུར་པའི་རང་གི་བུ་བཙལ་ནས་ཨ་རི་ལ་བསླེབས་པ་ཞིག་རེད། ཅེས་དང་། བསྟན་འཛིན་ཟླ་བ་ལགས་ཀྱིས་གློག་བརྙན་འདི་དྷ་རམ་ས་ལ་སོགས་ནས་སྟོན་དགོས་དོན་ནི། བོད་པས་བཟོས་པའི་གློག་བརྙན་བོད་མིས་ལྟ་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། དེ་ལ་བརྟེན་ནས་གཞོན་སྐྱེས་ཚོར་སེམས་ཤུགས་སྤར་ནས་འདི་ལས་ཡག་པའི་གློག་བརྙན་བཟོ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་སྟབས། བོད་མིའི་གནས་སྡོད་ས་གནས་ཁག་སྟེ་ལྡེ་ར་ལྡུན་དང་བོད་པའི་སློབ་གྲྭ་ཁག དེ་བཞིན་དགོན་སྡེ་ཁག་སོགས་ལ་རིམ་པས་སྟོན་འཆར་ཡོད་སྐོར་བརྗོད་བྱུང་།

ཡང་ལྟད་མོ་བའི་བརྒྱ་ཆ་ ༨༠ ཕྱི་གླིང་བ་ཡིན་པའི་རྒྱུ་མཚན་དྲིས་པར་ཁོང་གིས། ཕྱི་གླིང་བ་ཚོར་སྤྱིར་བཏང་ནས་མ་འདྲ་བའི་ཁྱད་ཆོས་ཤིག་འདུག ཁོང་ཚོར་མི་རིགས་གཞན་གྱི་ཆོས་དང་རིག་གཞུང་། གླུ་གཞས་ཕན་ཆད་ལ་ཡང་དོ་སྣང་བྱེད་ཀྱི་འདུག བོད་མིས་ག་རེ་བྱེད་ཀྱི་ཡོད་པ་ཤེས་ཆེད་དངུལ་སྤྲད་ནས་སྤྱི་ལེ་གཉིས་དང་གསུམ་ཕན་ཆད་ནས་ལྟ་རུ་ཡོང་གི་འདུག གནས་ཚུལ་གསར་པ་ཞིག་ཤེས་ཡ་འདུག་བསམ་ན་གོ་སྐབས་དེ་ཁྱོན་ནས་གློད་ཀྱི་མི་འདུག དེ་ངས་ཕྱི་གླིང་བའི་ཁྱད་ཆོས་བཟང་པོ་ཞིག་མཐོང་གི་འདུག འདི་ལྟ་བུ་བོད་པས་ཕྱི་གླིང་བ་ཚོ་ལས་སྦྱང་དགོས་པ་གལ་ཆེན་པོ་མཐོང་གི་འདུག ཕྱི་གླིང་བ་ཚོར་དམིགས་བསལ་མགྲོན་བརྡ་བཏང་མེད། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཚང་མར་མགྲོན་ཤོག་ཕུལ་ཡིན་ཏེ་བུད་མེད་ལྷན་ཚོགས་མ་གཏོགས་ཕེབས་མི་འདུག་ཟེར།

ཁེ་ན་ཌ་ནས་ཡིན་པའི་ལྟད་མོ་བ་ཞིག་གིས། སྔོན་མ་ཞིག་ལ་མོས་གློག་བརྙན་སྐུ་མདུན་ཞེས་པའི་གློག་བརྙན་ལ་ལྟ་མྱོང་བ་དང་། ད་ཐེངས་ངའི་བུ་བསྟན་འཛིན་ལ་ལྟ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྐུ་མདུན་ལ་བལྟས་ནས་བོད་ཀྱི་སྐོར་ཅུང་ཤེས་སོང་ལ་ད་ཐེངས་དེ་ལས་མང་བ་ཤེས་སོང་། བོད་ཀྱི་གནས་སྟངས་ད་རུང་མང་པོ་ཤེས་འདོད་ཡོད་སྐོར་བརྗོད་བྱུང་།

སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་སུ་ངའི་བུ་བསྟན་འཛིན་ལ་བལྟས་པའི་མྱོང་ཚོར་དྲིས་པར། གློག་བརྙན་འདིའི་ནང་གནད་དོན་གཉིས་བཤད་ཀྱི་འདུག་བསམ་པ་ཞིག་འདུག དང་པོ་དེ་བོད་ཀྱི་སྐྱིད་སྡུག་སྟེ་ཕ་མ་སྤུན་མཆེད་ཁ་བྲལ་ནས་བོད་ནས་རྒྱ་གར་དང་རྒྱ་གར་ནས་ཕྱི་རྒྱལ་ཁག་ལ་སོང་ནས་མ་ཤི་གསོན་བྲལ་ཆགས་པ་དང་། ཕ་མ་དང་བུ་ཕྲུག་བྲལ་བ་སོགས་སྐྱབས་བཅོལ་བོད་མི་སྤྱིའི་སྐྱིད་སྡུག་ཅིག་མཚོན་གྱི་འདུག གཉིས་པ་དེ་བོད་མི་ཚོས་ཕྱི་རྒྱལ་ནས་འཚོ་བ་སྐྱེལ་སྟངས་ཁྲོད་ལས་ཀ་བཙལ་ཕྱོགས་སོགས་དཀའ་ལས་ཁག་པོ་ཡོད་པ་སྟོན་གྱི་ཡོད་པ་དང་། དེ་དང་མཉམ་དུ་བསྟན་འཛིན་གྱི་པཱ་ལགས་ཡིན་པའི་གྲྭ་་དེས་ཕྱི་རྒྱལ་ལ་བསླེབས་པ་དང་དྲང་པོ་དྲང་བཞག་གིས་ལས་ཀ་བྱེད་པ་དང་མི་ལ་ཕན་ཐོགས་པ། སྲང་ལམ་ན་ཡོད་པའི་སྤྲང་བོ་ལ་སྦྱིན་པ་གཏོང་བ་སོགས་ལས་ང་ཚོའི་ཡ་རབས་བཟང་སྤྱོད་དེ་ཏག་ཏག་བསྡད་ཡོད་པ་འདྲ་པོ་འདུག གཞན་ཉེན་ཁ་ཆེན་པོ་ཞིག་ལ་ཕྱི་རྒྱལ་དུ་ལས་ཀ་ཤོར་བས་སེམས་འཁྲུགས་ནས་ཨ་རག་མང་པོ་འཐུང་བ་དང་སེམས་ལ་འདྲ་མིན་དྲན་པ་སོགས་ཀྱི་གནས་སྟངས་འོག་ནས་སོ་སོ་འཕྲོ་བརླག་གཏོང་མི་ཉན་པར་བསམ་བློ་རྒྱ་ཆེན་པོ་གཏོང་དགོས་པའི་བསླབ་བྱ་གནང་བ་སོགས་སྒྲུང་ཐུང་ཐུང་ནང་ཕྱོགས་མང་པོ་ནས་བསམ་བློ་གཏོང་ས་འདུག་བསམ་བསམ་འདྲ་འདུག ཅེས་བརྗོད་བྱུང་།

བསྐྱར་བཅོས།: ༢༠༡༨/༠༤/༣༠

Leave a Reply

One thought on “སྒྲུང་ཐུང་ཐུང་ནང་ཕྱོགས་མང་པོ་ནས་བསམ་བློ་གཏོང་ས་འདུག