ཐའེ་རྒྱ་གཉིས་ཀྱིས་ཀྱང་ལྷོ་བྱང་ཀོ་རི་ཡ་ལྟར་མཇལ་མོལ་བྱེད་ཆོག་གི་རེད།

ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཡེན་ཝུན་ལགས་ཀྱིས་ང་ཚོའི་ངོས་ནས་རྒྱ་ནག་གི་མགོ་འཁྲིད་མཉམ་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པ་དང་ཕྱོགས་གཉིས་ནས་འདོད་མོས་ཡོད་པའི་ཐོག་ནས་ཐུག་འཕྲད་བྱེད་སྲིད་སྐོར་བརྗོད་འདུགརྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ལྷོ་བྱང་ཀོ་རི་ཡའི་མགོ་འཁྲིད་ཐུག་འཕྲད་ཀྱིས་ས་མཚམས་བདེ་འཇགས་དང་ཞི་མཐུན་གྲོས་མོལ་འགྲོ་བཞིན་པའི་སྐབས་འདིར། ཐའེ་ཝན་དང་རྒྱ་ནག་བར་གྱི་རྩོད་རྙོག་ཞི་འཇགས་དང་བརྟན་བརླིང་ཡོང་ཆེད་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཡེན་ཝུན་གྱིས་མ་འོངས་པར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པ་དང་ཕྱོགས་གཉིས་ཀར་འདོད་མོས་ཡོད་པའི་ཐོག་ནས་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་དང་ཐུག་འཕྲད་ཀྱིས་གྲོས་མོལ་བྱ་འདོད་ཡོད་སྐོར་གསུངས་འདུག

 གསར་འགོད་པས་ལྕམ་ཚེ་ཡེན་ཝུན་ལགས་སུ་མ་འོངས་པར་རྒྱ་ནག་གི་མགོོ་འཁྲིད་ཞི་ཅིན་ཕིན་དང་ཐུག་འཕྲད་བྱ་ཐུབ་ན། ལྷོ་བྱང་ཀོ་རི་ཡ་ལྟར་མཐའ་མཚམས་ཞི་འགྲིག་སོགས་ཀྱི་སྐོར་ལ་གྲོས་མོལ་དང་ཐག་གཅོད་ཡོང་ཐུབ་པའི་རེ་བ་ཡོད་དམ་ཞེས་དྲིས་པར། ཕྱོགས་གཉིས་ཀྱི་ཞི་མཐུན་བརྟན་བརླིང་དང་ཁེ་ཕན་ལ་གྲོགས་སུ་འགྱུར་ཐུབ་པ་ཞིག་ཡིན་ན་ཐའེ་ཝན་གཞུང་གིས་ག་རེ་བྱ་དགོས་ནའང་བྱེད་ཆོག ང་ཚོའི་ངོས་ནས་རྒྱ་ནག་སྐམ་ས་ཆེན་མོའི་མགོ་འཁྲིད་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པ་དང་ཕན་ཚུན་འདོད་མོས་ཡོད་པའི་ཐོག་ནས་ཐུག་འཕྲད་བྱ་སྲིད་པ་རེད་ལ། འདི་ལྟ་བུའི་ལངས་ཕྱོགས་ཤིག་གི་འོག་ནས་ཐུག་འཕྲད་བྱེད་ཐུབ་པ་ཡིན་ན་ཐའེ་ཝན་གྱི་མགོ་འཁྲིད་ཚོས་ཀྱང་ཁས་ལེན་གནང་རྒྱུར་ཡིད་ཆེས་ཡོད། ངའི་ངོས་ནས་ཐེངས་འདིའི་ལྷོ་བྱང་ཀོ་རི་ཡའི་ཐུག་འཕྲད་ལ་མངའ་ཁུལ་བརྟན་བརླིང་ཐད་མདུན་སྐྱོད་བྱེད་རྒྱུའི་རེ་བ་བརྒྱབ་ཡོད། ཅེས་གསུངས་འདུག

རྒྱ་ནག་གཞུང་གིས་སྔ་གཞུག་ཏུ་ཐའེ་ཝན་ལ་ཉེན་བརྡ་འཇིགས་སྐུལ་ཐེངས་མང་བཏང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་བཅིངས་འགྲོལ་དམག་ཟེར་བ་དེས་ཐའེ་ཝན་གྱིས་ཁ་བྲལ་རྩོད་ལེན་གྱི་ལས་འགུལ་སྤེལ་ན་དམག་ཤུགས་བཀོལ་ཏེ། རྒྱ་ནག་གི་མངའ་ཁུངས་སུ་བཙན་བསྡུ་བྱ་རྒྱུ་ཡིན་པའི་ས་མཚོ་གནམ་གསུམ་གྱི་དྲག་ཆས་དམག་མིའི་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་དང་། བརྙན་དེའི་ནང་དྲག་ཆས་དམག་གིས་ཐའེ་ཝན་ལ་ལྟ་སྲུང་ཇི་ལྟར་བྱེད་ཀྱི་ཡོད་སྐོར་བསྟན་ཡོད་པ་མ་ཟད། ཐའེ་ཝན་ལ་སྐོར་བ་བྱེད་བཞིན་པའི་འཐབ་རྒོལ་གནམ་གྲུའི་ཁ་ལོ་བ་ཞིག་གིས་རང་ཉིད་ཀྱི་ས་ཁུལ་བརྟན་སྲུང་དང་། ཕ་ཡུལ་སྲུང་སྐྱོབ་བྱེད་པ་ནི་ང་ཚོ་མི་མང་བཅིངས་འགྲོལ་དམག་གི་གཡོལ་ཐབས་མེད་པའི་འགན་འཁྲི་རེད་ཅེས་སོགས་བརྗོད་ཡོད་པ་རེད།

ཉེ་སྔོན་ཨ་རིའི་གཞུང་གིས་ཐའེ་ཝན་བར་གྱི་འགྲུལ་སྐྱོད་ཡིག་ཆ་ཞེས་པར་མིང་རྟགས་བཀོད་དེ་ཐའེ་ཝན་གྱི་མགོ་འཁྲིད་ཚོ་ཨ་རིའི་ནང་ཕེབས་ཆོག་པ་བཟོས་རྗེས། རྒྱ་ནག་གཞུང་གིས་ཐའེ་ཝན་ལ་ཡང་དང་བསྐྱར་དུ་འཇིགས་སྐུལ་དང་ཨ་རིའི་གཞུང་ལ་གྲོས་ཆོད་ཡིག་ཆ་དེ་ཕྱིར་འཐེན་དགོས་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་༢༧ ཉིན་རྒྱ་ནག་གཞུང་གིས་ཨ་རི་གཙོའི་རྒྱལ་སྤྱིའི་མཁའ་འགྲུལ་ཚོང་གཉེར་ཁང་དག་ལ་ཐའེ་ཝན་དང་ཧོང་ཀོང་སོགས་གནམ་གྲུའི་ཐོ་ཁུངས་སུ་རྒྱ་ནག་འབྲི་དགོས་པ་ལས་མིང་ཁེར་འདོན་མི་ཆོག་པ་དང་། རྒྱ་ནག་གཅིག་གི་སྲིད་བྱུས་ལངས་ཕྱོགས་ལ་གུས་བརྩི་བྱེད་དགོས་པའི་ཉེན་བརྡ་ནན་པོ་བཏང་ཡོད་པ་རེད།

ཐའེ་ཝན་ནི་རྒྱ་ནག་ལ་མཚོན་ན་ཆེས་ཚོར་བ་སྐྱེན་པའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཡོད་པ་དང་། ལྕམ་ཚེ་ཡེན་ཝུན་ལགས་དམངས་གཙོའི་ལམ་ནས་འོས་འདེམས་ཀྱིས་སྲིད་འཛིན་དུ་སླེབས་པ་ནས་བཟུང་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་པ་རེད། ཐའེ་ཝན་གྱི་སྲིད་འཛིན་སྐབས་སྔོན་མ་སྟེ་གོ་མིན་ཏང་ཚོགས་པའི་མགོ་འཁྲིད་མ་ཡོན་ཇོ་ཡི་སྐབས་སུ་ཕྱི་ལོ་༡༩༩༢་ལོར་ཕྱོགས་གཉིས་མོས་མཐུན་བྱུང་བའི་རྒྱ་ནག་དང་ཐའེ་ཝན་སུ་ཞིག་ཡིན་ཡང་རྒྱ་ནག་ཡིན་ཞེས་པའི་ལངས་ཕྱོགས་འོག ཕྱོགས་གཉིས་ཀྱི་མགོ་འཁྲིད་བར་ཐུག་འཕྲད་དང་གྲོས་མོལ་བསྟུན་མཁས་སོགས་བྱས་ཡོད་ཀྱང་། ད་ལྟའི་ཆར་སྲིད་ཇུས་དེ་མཚམས་ཆད་པ་མ་ཟད་རྒྱ་ནག་གཞུང་གིས་ལྕམ་ཚེ་ཡེན་ཝུན་ལགས་ལ་རྒྱ་ནག་གཅིག་གི་ལངས་ཕྱོགས་འཛིན་དགོས་པ་ལས། དེ་མིན་པའི་ཕྱོགས་གཉིས་ཀྱི་བར་ལ་ལངས་ཕྱོགས་གང་ཡང་མེད་ལ་གནད་དོན་གཞན་གང་ལ་ཡང་གྲོས་མོལ་བྱེད་ས་མེད་ཅེས་བརྗོད་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་ཉམས་ཞིབ་པ་ཚོས་ཐེངས་འདིའི་ལྷོ་བྱང་ཀོ་རི་ཡའི་མགོ་འཁྲིད་ཐུག་འཕྲད་ཀྱིས་རྒྱལ་སྤྱིའི་ཆབ་སྲིད་དང་མངའ་ཁུལ་རྩོད་རྙོག་ནང་ཚུད་པའི་རྒྱལ་ཁབ་དང་མི་རིགས་ཚོར་མིག་དཔེ་གསར་པ་ཞིག་བསྟན་ཡོད་པ་དང་། གལ་ཏེ་བྱང་ཀོ་རི་ཡས་གྲོས་མོལ་སྐབས་ཀྱི་གནད་དོན་དེ་དག་དོན་དངོས་ལག་ལེན་དང་ཁས་ལེན་བྱས་པ་ཡིན་ན་རྗེས་ཕྱོགས་རྒྱལ་སྤྱིའི་སྒང་གི་རྩོད་རྙོག་གནད་དོན་མང་པོ་ཞིག་ཚད་གཞི་འདི་གཞིར་བཟུང་སྟེ་སེལ་ཐུབ་རྒྱུའི་རེ་བ་ཡོད་སྐོར་བརྗོད་ཡོད་པ་དང་། ཉེ་སྔོན་ལྷོ་བྱང་ཀོ་རི་ཡའི་མགོ་འཁྲིད་ཐུག་འཕྲད་སྐབས་ཐའེ་ཝན་ཕྱི་སྲིད་བློན་ཆེན་གྱིས་གནད་དོན་འདི་ནི་ཆེས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་རྩོད་རྙོག་དང་མངའ་ཁུལ་ཞི་མཐུན་བརྟན་བརླིང་ཡོང་ཐབས་ལ་ཞབས་འདེགས་ཆེན་པོ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

ཐའེ་ཝན་བདེ་སྲུང་ལྷན་ཁང་གིས་ཕྱི་ལོ་༢༠༡༧ ལོར་རྒྱ་ནག་གི་མེ་ཤུགས་འཕུར་མདའ་ ༡༥༠༠ ཡིས་ཐའེ་ཝན་དམིགས་འབེན་དུ་བཟུང་ཡོད་པ་དང་། ཐའེ་ཝན་ནང་རྒྱ་ནག་གི་གསང་ཉུལ་བ་ ༥༠༠༠ ཡོད་སྐོར་བསྒྲགས་ཡོད་པ་རེད།  ལོ་དེར་ཐའེ་ཝན་གཞུང་ནས་རྒྱ་ནག་གིས་ཐའེ་ཝན་ལ་དབང་སྒྱུར་སྲིད་པའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། ཐའེ་ཝན་གྱིས་དྲག་པོའི་ཐོག་ནས་ཁ་གཏད་གཅོག་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༣༠

Leave a Reply