སྟོན་པའི་འཁྲུང་སྐར་སྲུང་གཙི་ཞུས།

བལ་ཡུལ་ལིམ་བྷི་གནས་དང་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་སོགས་སུ་སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་ནས་ལོ་ངོ་ ༢༥༦༢ འཁོར་བའི་འཁྲུང་སྐར་དུས་ཆེན་སྲུང་གཙི་ཟབ་རྒྱས་ཞུས་ཡོད་འདུག

དེ་རིང་སྟོན་པའི་འཁྲུང་ཡུལ་ལིམ་བྷི་གནས་གཙོ་བོར་གྱུར་བའི་བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན། དེ་བཞིན་ནང་པའི་གནས་ཆེན་གཞན་ཁག་ཏུ་སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་ནས་ལོ་འཁོར་ ༢༥༦༢ འཁོར་བའི་འཁྲུང་སྐར་དུས་ཆེན་སྲུང་གཙི་ཞུས་སོང་བ་དང་། དད་ལྡན་མང་ཚོགས་ཀྱིས་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་གདན་ཞུས་ཀྱིས།  རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོ་སོའི་ཕྲག་ཏུ་བཟུང་ནས་མཆོད་རྟེན་ཆེན་མོར་བསྐོར་བ་དང་། ལུས་ལ་གོས་གཙང་གྱོན་ཞིང་ལག་ཏུ་མེ་ཏོག་གི་མཆོད་པ་སོགས་བཟུང་ནས་ཕྱག་བསྐོར་དང་མཆོད་འབུལ་རྒྱ་ཆེན་པོ་གནང་སོང་།

དེ་རིང་འཁྲུང་སྐར་དང་བསྟུན་ཡུལ་མིའི་ཚོགས་པ་སྐྱིད་སྡུག་ཁག་མང་པོས་སྦྱིན་གཏོང་གི་བྱ་འགུལ་སྤེལ་བཞིན་འདུག ཁ་ཤས་ཀྱིས་ཟུང་ཁྲག་གཙང་མ་བསྡུ་ལེན་གྱིས་ཁྲག་སྦྱིན་མཁོ་བའི་ཉམ་ཐག་ནད་པ་ཚོར་རོགས་རམ་དང་། ཡང་འགའ་ཤས་ཀྱིས་གནམ་གཤིས་ཚ་དྲོད་ཆེ་བའི་སྐབས་དང་བསྟུན་ནས་སྐོམ་ཆུའི་རིགས་རིན་མེད་ཀྱིས་སྤྲོད་པ་དང་། སློང་མོ་བ་རྣམས་ལ་དངུལ་སོགས་སྦྱིན་པ་གཏོང་གནང་མཁན་ནམ་རྒྱུན་དང་མི་འདྲ་བར་ཧ་ཅང་མང་པོ་འདུག

སྤྱིར་བཏང་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་རབས་ལོ་རྒྱུས་སྐོར་ལ་བཞེད་པ་མི་མཐུན་པ་མང་པོ་ཡོང་བཞིན་ཡོད་ཀྱང་། ལོ་རྒྱུས་ཕལ་ཆེར་བའི་ནང་དུ་ད་ལྟ་ནས་ཡར་བརྩིས་པའི་ལོ་ངོ་ ༢༥༠༠ ལྷག་ཙམ་གྱི་གོང་དུ། རྒྱ་གར་བྱང་ཕྱོགས་སུ་ཤཱཀྱའི་རིགས་རྒྱུད་ཀྱི་རྒྱལ་པོ་ཟས་གཙང་མ་དང་། ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཡབ་ཀྱིས་བསམ་པའི་དོན་ཀུན་གྲུབ་སོང་ཞེས་གསུངས་ཏེ་མཚན་ལའང་གཞོན་ནུ་དོན་གྲུབ་གསོལ། དགུང་ལོ་ ༡༦ ཙམ་ལ་རྒྱལ་རྒྱུད་ཀྱི་སྲས་མོ་གྲགས་འཛིན་མ་དང་གཉེན་སྒྲིག་བྱས་ཏེ་སྲས་སྒྲ་ཅན་འཛིན་འཁྲུངས་བར་བཤད། དགུང་ལོ་ ༢༩ ཕེབས་སྐབས་རྒྱལ་པོའི་ཁབ་ཀྱི་ལོངས་སྤྱོད་ཡོད་རྒུ་དོར་ནས་དཀའ་བ་སྤྱད་དེ་ཐོས་བསམ་སྒོམ་གསུམ་རྒྱ་ཆེར་མཛད་པ་དང་། མཐར་དགུང་གྲངས་ ༣༥ ཕེབས་སྐབས་གནས་མཆོག་རྡོ་རྗེ་གདན་དུ་ འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པའི་གནས་ལུགས་རྣམས་ཡང་དག་པར་ཐུགས་ལ་རྟོགས་ཏེ་མངོན་པར་རྫོགས་པའི་སངས་རྒྱས་པ་མ་ཟད། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དང་། བྱ་རྒོད་ཕུང་པོའི་རི་ནས་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར། གནས་ཡངས་པ་ཅན་དུ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བཅས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བར་མཛད། མཐར་དགུང་གྲངས་ ༨༡ ཐོག་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པར་གྲགས།

བལ་ཡུལ་ནས་མགོན་པོས་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༡༨/༠༤/༣༠

Leave a Reply

2 thoughts on “སྟོན་པའི་འཁྲུང་སྐར་སྲུང་གཙི་ཞུས།

  1. གཞུང་པ་ཚེ་དབང་བསོད་ནམས་།

    སྟོན་པའི་བསྟན་པ་རྣམ་གཉིས་ཏེ་།
    ལུང་དང་རྟོགས་པའི་བསྟན་པ་གཉིས་།
    ལུང་རྟོགས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་།
    རྟོགས་པའི་བསྟན་པ་བསླབས་གསུམ་ནོར་བུའི་རྒྱན་།

  2. ཝཻ། Joke མ་བསླང་ལ། ལིམ་བྷི་ནི་ མ་རེད། ལུམ་བི་ནི་རེད། སངས་རྒྱས་འདས་ནས་ལོ་ངོ་ ༢༦༥༠ བརྒལ་ཚར་མིན་འདུག་གས་་་་?