ཀིརྟི་རིན་པོ་ཆེ་མཆོག་གི་སྙུང་གཞི་ཛ་དྲག་ལས་གྲོལ་ཐུབ་འདུག

༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྙུང་གཞི་ཛ་དྲག་ལས་གྲོལ་ཐུབ་པ་བྱུང་སྟེ་ད་ལྟ་ཐའེ་ཝན་རྒྱལ་སྤྱིའི་སྨན་ཁང་ཆེན་མོའི་ནད་གསོ་ཁང་དུ་མུ་མཐུད་སྨན་བཅོས་མཇུག་སྐྱོང་གནང་བཞིན་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་གྲྭ་བློ་བཀྲ་ཚེ་རིང་ལགས་སུ། བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་པོས་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་གཟུགས་གནས་སྟངས་ཐད་སེམས་འཁུར་ཞུ་བཞིན་ཡོད་པས། ད་ལྟ་ཁོང་གི་སྙུང་གཞི་ག་འདྲ་ཡོད་མེད་དྲིས་པ་ལྟར་ན། འཆར་ཅན་ལྟར་སྔ་ལོའི་དགུན་ཐོག་༸རོང་ཆེན་བསྟན་པའི་སྒྲོན་མེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ཐའེ་ཝན་རྒྱལ་སྤྱིའི་སྨན་ཁང་ཆེན་མོའི་ནང་སྐུ་གཟུགས་བརྟག་དཔྱད་གནང་བར་ཕེབས་པའི་རྗེས་འབྲེལ་དུ་ཉེ་ཆར་ཕྱི་ཟླ་གསུམ་པའི་ནང་བསྐྱར་དུ་སྨན་ཁང་དེར་ཆེད་ཕེབས་ཀྱིས་སྐུ་གཟུགས་ལ་བརྟག་དཔྱད་དང་སྨན་བཅོས་གང་ལེགས་གནང་སྟེ།  ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཕྱིར་བཞུགས་སྒར་དུ་ཕེབས་པར་གྲ་སྒྲིག་གནང་ཡོད་ཀྱང་།  ཕྱི་ཚེས་ ༢༡ ཉིན་གློ་བུར་དུ་ཕོ་བའི་ནད་རྙིང་འཕར་བར་བརྟེན་སྨན་པའི་ལམ་སྟོན་འོག་ཛ་དྲག་སྨན་བཅོས་ཁང་དུ་ཉིན་ ༦ རིང་བཞུགས་དགོས་བྱུང་ཡོད་པ་དང་།  ཕྱི་ཚེས་ ༢༧ ཉིན་རིན་པོ་ཆེ་མཆོག་གི་སྙུང་གཞི་ཛ་དྲག་གི་གནས་སྟངས་ལས་སྐྱོབ་ཐུབ་པ་བྱུང་སྟེ་ད་ལྟའི་ཆར་སྨན་ཁང་དེ་གའི་ནད་གསོ་ཁང་དུ་མུ་མཐུད་སྨན་བཅོས་མཇུག་སྐྱོང་གནང་བཞིན་བཞུགས་ཡོད་འདུག

ཀིརྟི་རིན་པོ་ཆེ་མཆོག་ལ་སྙུང་གཞི་བྱུང་བའི་ཐད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་དམ་བཀའ་ལན་ཕྱིར་ཕེབས་སུ། སྐྱོན་ཆེར་མ་མཐོང་། ལྷ་མོའི་གཟུངས་སྔགས་གང་མང་གསོག་སྒྲུབ་བྱེད་གལ། ཞེས་དང་། ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་བརྟགས་འབྲས་ལེགས་པས་སྐྱོན་མེད། ཞབས་རིམ་དུ་གཟུངས་འདུས། ཚེ་ཆོག སྒྲོལ་ཆོག སྲུང་མའི་བསྐང་འཕྲིན་བཅས་བསྒྲུབས་ན་ལེགས། ཞེས་བཀའ་ལན་སྤྱི་ཕེབས་བྱུང་བ་ལྟར། བོད་ནང་དང་། བཞུགས་སྒར་དྷ་རམ་ས་ལས་གཙོས་རྒྱ་གར་དང་བལ་ཡུལ་སོགས་ བོད་མི་འདུས་སྡོད་བྱས་ཡོད་པའི་རྒྱལ་ཁབ་མང་པོའི་ནང་རིན་པོ་ཆེ་མཆོག་གི་སྙུང་གཞི་སངས་དྲག་ཡོང་ཆེད་ཞབས་བརྟན་སྐུ་རིམ་སྒྲུབ་བཞིན་འདུག

ཞབས་བརྟན་སྐུ་རིམ་སྒྲུབ་བཞིན་ཡོད་པའི་ཐད་གྲྭ་བློ་བཀྲ་ཚེ་རིང་ལགས་ཀྱིས། ད་རེས་རིན་པོ་ཆེ་མཆོག་སྐུ་སྙུང་བ་དང་། འཛམ་གླིང་ཡུལ་གྲུ་གང་སར་མི་མང་པོས་སྐུའི་སྙུང་གཞི་སངས་དྲག་ཡོང་ཆེད། ལས་བྲེལ་གྱི་དུས་ཚོད་དང་འགྲོ་གྲོན་སོགས་ལ་མ་ལྟོས་པར་ཚང་མ་རང་རང་སོ་སོའི་ས་གནས་སུ་འཛོམས་ཏེ་སྐུ་རིམ་ཞབས་བརྟན་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་རེད། ངས་བསམ་ན་མི་མང་གི་ངོས་ནས་མ་སྐུལ་དང་བླངས་ཐོག་འདི་ལྟར་སྒྲུབ་དགོས་དོན་གཙོ་བོ་ནི། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ད་བར་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་བོད་བསྟན་སྲིད་མི་རིགས་ཀྱི་དོན་དང་། བོད་ཀྱི་གནའ་བོའི་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་དང་དར་སྤེལ་བཏང་དང་གཏོང་མུས་སོགས་བོད་སྤྱི་པའི་དོན་དུ་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་རྒྱ་ཆེན་པོ་གནང་དང་གནང་བཞིན་པ་ལ་བརྟེན་ནས་ཡིན་ས་རེད། ད་རེས་དམིགས་བསལ་བོད་ནང་གི་ཀིརྟིའི་དགོན་མ་ལག་ཁག་ ༤༠ ལྷག་ཙམ་མ་ཟད། མདོ་སྟོད་སྨད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་འབྲེལ་ཡོད་དགོན་སྡེ་ཁག་མང་པོ་དང་། རྒྱ་གར་ནང་གི་གདན་ས་ཁག་གི་འབྲེལ་ཡོད་གྲྭ་ཚང་དང་ཁང་ཚན། རྒྱ་བལ་གྱིས་གཙོས་ཕྱིའི་རྒྱལ་ཁབ་ཁག་གི་མདོ་སྨད་མི་མང་གིས་གཙོས་འབྲེལ་ཡོད་བོད་མི་མང་ཚོགས། དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོའི་དད་ལྡན་མང་ཚོགས་བཅས་ནས་ཁོང་གི་སྐུ་གཟུགས་བདེ་ཐང་ཡོང་སླད་ཞབས་བརྟན་བསྒྲུབས་དང་སྒྲུབ་མུས་ཡིན་སྟབས། ད་རེས་གོ་སྐབས་འདི་བརྒྱུད་ངས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་མདོ་སྨད་མི་མང་གིས་གཙོས་འབྲེལ་ཡོད་དད་ལྡན་མང་ཚོགས་ཀྱིས་དང་བས་ཁུར་དུ་བླངས་ཏེ་སྐུ་རིམ་ཞབས་བརྟན་གང་མང་སྒྲུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།

༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་ ༡༩༤༢ ལོར་བོད་ཤར་ཕྱོགས་མདོ་སྨད་ཐེ་བོ་སྟག་མོའི་སྒང་ཞེས་པའི་གྲོང་གསེབ་ཅིག་ཏུ་སྐུ་འཁྲུངས། ཕྱི་ལོ་ ༡༩༤༥ ལོར་༧ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་མདོ་སྨད་ཀྱི་བླ་ཆེན་རྣམས་ཀྱིས་༧སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་བའི་ཡང་སྲིད་དུ་ངོས་འཛིན་མཛད། ཕྱི་ལོ་ ༡༩༥༦ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག་སྔ་ཕྱིའི་དགོངས་དོན་ལྟར་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཏེ། འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། སྐབས་དེར་བོད་གཞུང་ནས་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་གདན་ཐོབ་ཕུལ། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་རྗེས་འབྲངས་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས།

ཕྱི་ལོ་ ༡༩༦༢ ལོར་༧གོང་ས་མཆོག་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་དང་། ཕྱི་ལོ་ ༡༩༦༨ ནས་ལོ་དགུའི་རིང་ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ནང་རིག་གནས་མཐའ་དག་ལ་སྦྱངས་བརྩོན་མཛད་དེ་ཤསྟྲི་(BA)དང་ཨཙརྱའི་(MA)མཚན་གནས་རིམ་པར་བཞེས། ཕྱི་ལོ་ ༡༩༧༧ ལོར་འབུམ་རམས་པའི་སློབ་སྦྱོང་དབུ་འཛུགས་མཛད་ཡོད་པ་དང་། ཕྱི་ལོ་ ༡༩༧༨ ནས་ལོ་བཅུའི་རིང་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་རིག་གཞུང་ཉམས་ཞིབ་པའི་མཛད་འགན་བཞེས། ཕྱི་ལོ ༡༩༨༤ ནས་ ༡༩༨༥ ལོར་གཞུང་འབྲེལ་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་བོད་དང་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་ཏེ། ༧ཀུན་གཟུགས་པཎ་ཆེན་རིན་པོ་ཆེ་སོགས་རྒྱ་བོད་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་མཛད། ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་༧གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་དང་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་། ཆབ་སྲིད་ཚོགས་ཆུང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་བཅས་སུ་༧གོང་ས་མཆོག་ནས་ཐད་བསྐོས་བསྩལ་པ་བཞིན་མཛད་འགན་རིམ་པར་བཞེས། ཕྱི་ལོ་ ༡༩༩༢ ལོར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེའི་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གསར་འཛུགས་བསྐྱངས། ཕྱི་ལོ་༡༩༩༧ ལོར་བོད་གཞུང་གི་བཀའ་བློན་དུ་འདེམས་ཐོན་བྱུང་བ་ལྟར་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་བོད་ནང་གི་ཀིརྟིའི་དགོན་ཁག་ལ་དྲུག་ཅུ་རྒན་པོའི་རེ་འདུན་ཞེས་པའི་བསླབ་བྱ་བསྩལ་ཏེ་དགོན་པའི་སློབ་གཉེར་དང་སྒྲིག་ལམ་ལེགས་བཅོས་མཛད་པ་དང་། ཕྱི་ལོ་ ༢༠༠༨ ལོར་སྔ་མོའི་ཀིརྟིའི་བླ་བྲང་དེ་དེང་དུས་མང་གཙོའི་འགྲོ་ལུགས་ཅན་གྱི་ཀིརྟིའི་དགེ་རྩ་ཚོགས་པར་བསྒྱུར་གནང་ཡོད་པ་རེད།

བོད་ནང་གི་ཀིརྟིའི་དགོན་ཁག་གི་སྒྲིག་ལམ་དང་སློབ་གཉེར་ལ་དུས་བསྟུན་ལེགས་བཅོས་མཛད་ཡོད་པའི་སྐོར་ལ་གྲྭ་བློ་བཀྲ་ཚེ་རིང་ལགས་ཀྱིས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༡༢ ལོར་བོད་ནང་གི་ཀིརྟིའི་དགོན་ཁག་ལ་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་བསྩལ་ཏེ། འགྲིག་ལམ་ཀུན་སྤྱོད་དང་འཆད་ཉན་སློབ་གཉེར་མཛད་སྟངས་ཀྱི་ལམ་སྲོལ་ལ་དུས་བསྟུན་བསྒྱུར་བཅོས་བཏང་ཡོད་པ་རེད། དེའང་གྲྭ གཞོན་རྣམས་ལ་སྔོན་འགྲོ་ནས་འཛིན་རིམ་དགུ་པ་བར་གྱི་རིག་གནས་སློབ་ཚན་དེང་དུས་དང་མཐུན་པར་སློབ་ཁྲིད་གནང་རྒྱུ་དང་། དེ་ནས་གཞུང་ཆེན་མོའི་སློབ་གཉེར་ལ་ཞུགས་ཏེ་མདོ་སྔགས་ཀྱི་གཞུང་ཆེན་མོར་མི་ལོ་ཉི་ཤུ་ལྷག་རིང་བསླབ་པ་སློབ་གཉེར་གནང་སྟེ་དེང་དུས་དང་མཐུན་པའི་རྒྱུགས་སྤྲོད་ཀྱི་ལམ་ནས་ཕེབས་དགོས་པ་སོགས་འགྲོ་ལམ་གསར་པ་ཞིག་གི་ནང་ཕེབས་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༤/༣༠

Leave a Reply