ཕྱི་སྐྱོད་ལག་ཁྱེར་བཟོ་བར་སྟབས་བདེ་རུ་གཏོང་རྒྱུ་ཡིན།

མི་རིང་བར་རྒྱ་ནག་གིས་ཕྱི་སྐྱོད་ལག་འཁྱེར་སོགས་རྒྱལ་མཚམས་བརྒལ་ནས་འགྲོ་འོང་བྱེད་པའི་ལག་འཁྱེར་བཟོ་རྒྱུ་སྟབས་བདེ་རུ་གཏོང་འཆར་ཡོད་སྐོར་བསྒྲགས་འདུག
དེ་རིང་རྒྱ་ནག་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བའི་སྟེང་བཀོད་པའི་གནས་ཚུལ་ལྟར་ན། མི་རིང་བར་ཕྱི་ཟླ ༥ པའི་ཚེས་མགོ་ནས་བཟུང་རྒྱ་ནག་ནས་རྒྱལ་མཚམས་བརྒལ་ཏེ་འགྲོ་འོང་བྱེད་ཆོག་པའི་ལག་ཁྱེར་བཟོ་བར་བརྒྱུད་རིམ་མང་པོ་ཞིག་མི་དགོས་པར་ལས་ཁུངས་ལ་འགྲོ་ཐེངས་གཅིག་གིས་བཟོ་ཚར་བ་བྱ་རྒྱུ་དང་། ལས་ཁུངས་ལ་བཅར་བའི་དུས་བཅད་སོགས་ཀྱི་ཉིན་ཐུང་དུ་གཏོང་རྒྱུའི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་སྔ་ལག་ཁྱེར་བཟོ་སྐབས་ཡུལ་དུས་མི་འདྲ་བའི་ནང་ཕྱེད་པར་སྐྱེལ་བ་དང་། མཛུབ་རིས་སྟོན་པ་དང་རེ་ཞུའི་ཡིག་ཆ་སྐྱེལ་བ། ལག་ཁྱེར་གྱི་རིན་སྤྲོད་པ་སོགས་བྱེད་དགོས་ཀྱི་ཡོད་སྟབས། ཐེངས་འདིར་ལག་འཁྱེར་བཟོ་བའི་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་ས་ཆ་གཅིག་ནང་ཐེངས་གཅིག་ལ་སོང་ནས་ལག་འཁྱེར་བཟོ་ཐུབ་གྱི་ཡོད་པ་དང་། ཞིང་ཆེན་དང་ས་གནས་གཞན་ནས་རྒྱལ་མཚམས་བརྒལ་ནས་འགྲོ་འོང་བྱེད་པའི་ལག་འཁྱེར་དུས་འགྱངས་བྱེད་པར་རེ་འདུན་ཞུས་ཚེ། དུས་འགྱངས་བྱེད་པའི་ཉིན་ ༣༠ ནས་ ༢༠ བར་ཐུང་དུ་གཏོང་རྒྱུ་ཡིན་འདུག དེ་བཞིན་ལས་ཀར་འགྲོ་དགོས་ཡོད་མཁན་ཚོར་སྟབས་བདེ་སྐྲུན་ཆེད་གཟའ་སྤེན་པ་དང་ལག་ཁྱེར་བཟོ་མཁན་ཉུང་དུས་དང་དེ་བཞིན་ངལ་གསོའི་དུས་སུ་བྱེད་རྒྱུ་ཡིན་འདུག

ཡང་རྒྱལ་མཚམས་མགྱོགས་མྱུར་ངང་བརྒལ་ནས་འགྲོ་དགོས་པའི་མི་རྣམས་ལ་ལྗང་མདོག་བགྲོད་ལམ་གྱི་ལག་ཁྱེར་ཟེར་བའི་ཞབས་ཞུ་བརྒྱུད་གང་མགྱོགས་ལག་ཁྱེར་བཟོ་ཐུབ་ཀྱི་ཡོད་པ་དང་། རྒྱལ་མཚམས་བརྒལ་ནས་ཚོགས་འདུ་དང་གྲོས་མོལ། གན་རྒྱ་འཇོག་པ་བཅས་ནང་ཞུགས་དགོས་པའམ་ཕྱི་བསྐྱོད་སློབ་མའི་མིང་ཐོ་འགོད་པའི་དུས་ཚོད་སླེབས་གྲབས་ཡོད་པ་གང་ཞིག་ལ། ལག་འཁྱེར་བརླགས་པ་དང་རལ་བ་སོགས་ཀྱི་གནས་ཚུལ་ཐོན་པའི་མི་ལ་ལག་ཁྱེར་ལམ་སེང་བཟོ་བའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ལག་འཁྱེར་བཟོ་བའི་ལས་དོན་དེ་བོད་གཙོའི་གྲངས་ཉུང་མི་རིགས་ཁག་ཏུ་ལག་བསྟར་བྱེད་མིན་ཁ་གསལ་མེད་ན་ཡང་། སྔ་ལོ་རྒྱ་ནག་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་(AFP)ཞེས་པས། རྒྱ་རིགས་ཡུལ་སྐོར་བ་མང་པོ་རྒྱལ་ཁབ་ཕྱི་ནང་ལ་སྤྲོ་འཆམ་དུ་འགྲོ་བཞིན་པའི་སྐབས་འདིར། པེ་ཅིན་གཞུང་གིས་བོད་དང་ཡུ་གུར་གཙོས་གྲངས་མི་རིགས་ས་ཁུལ་གྱི་ཡུལ་མི་ཚོའི་ཕྱི་སྐྱོད་ལག་འཁྱེར་ལ་བཀག་སྡོམ་ཤུགས་ཆེན་བྱེད་ཀྱི་ཡོད་པའི་ཞིབ་འཇུག་སྙན་ཐོ་བཏོན་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༨/༠༤/༣༠

Leave a Reply