འབར་རྫས་གཡུགས་ཏེ་མི་ ༢༩ བསད།

དེ་རིང་ཞོགས་པར་ཨབ་གྷན་རྒྱལ་ས་ཁྰ་བྷོལ(Kabul)གྱི་སྲིད་གཞུང་གི་ལྟེ་གནས་དང་ཨ་རིའི་གཞུང་ཚབ་ཁང་གི་ཐག་ཉེ་ཞིག་ཏུ་འཇིགས་སྐུལ་དྲག་སྤྱོད་པས་སྔ་རྗེས་སུ་འབར་རྫས་ཐེངས་གཉིས་གཡུགས་སྟེ་མི་ ༢༩ བསད་པ་དང་མི་ ༤༩ ལ་རྨས་སྐྱོན་བཟོས་ཡོད་འདུགས་གནས་ཉེན་རྟོག་པས་བརྗོད་པ་ལྟར་ན། འབར་རྫས་དང་པོ་དེ་ས་གནས་དེའི་ཞོགས་པའི་ཆུ་ཚོད་༨་པའི་སྟེང་གཡུགས་ཡོད་པ་དང་། སྐབས་དེར་གསར་འགོད་པ་དང་མྱུར་སྐྱོབ་མཁན་ཚོ་དོན་རྐྱེན་བྱུང་སའི་ས་གནས་སུ་འབྱོར་ཡོད་པ་དང་། དྲག་སྤྱོད་པ་ཞིག་གིས་གསར་འགོད་པ་ཡིན་ཁུལ་གྱིས་ཡུལ་དངོས་སུ་ཡོང་སྟེ་མི་མང་པོ་འདུས་པའི་གོ་སྐབས་དང་བསྟུན་ཏེ། འབར་རྫས་ཐེངས་གཉིས་པ་གཡུགས་ཏེ་མི་གྲངས་༢༩ དམར་གསོད་བཏང་ཡོད་པ་དང་། དེའི་ཁྲོད་དུ་གསར་འགོད་པ་ ༩ ཡོད་འདུག སྔ་གཞུག་ཏུ་བྱུང་བའི་དོན་རྐྱེན་ཁྲོད་ཁྱོན་མི་གྲངས་ ༤༩ ལ་རྨས་སྐྱོན་ཕོགས་ཡོད་འདུག

དོན་རྐྱེན་བྱུང་རྗེས་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་(ISIL)་དང་(ISIS)གཉིས་ཀྱིས་འབར་རྫས་གཡུག་མཁན་ཁོ་རང་ཚོ་ཡིན་སྐོར་ཡོངས་བསྒྲགས་བྱས་ཡོད་པ་མ་ཟད། ཁོ་ཚོའི་དམིགས་ཡུལ་ས་ཁུལ་དེར་ཡོད་པའི་གསང་བའི་ལས་ཁུངས་ཁག་ཡིན་སྐོར་བརྗོད་ཡོད་འདུག

ཨབ་གྷན་སྲིད་འཛིན་(Asharf Ghani)ཡིས་ཐེངས་འདིའི་དྲག་སྤྱོད་དོན་རྐྱེན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། ནམ་རྒྱུན་མི་མང་དཀྱུས་མ་དང་ལྷ་ཁང་ནང་དུ་མཆོད་འབུལ་བྱེད་མཁན། དེ་བཞིན་གསར་འགོད་པ་དང་དམངས་གཙོའི་ལས་འགུལ་བ་སོགས་དམིགས་འབེན་དུ་བཟུང་ནས་དྲག་སྤྱོད་སྤེལ་མཁན་ལ་ཕར་རྒོལ་མཐའ་གཅིག་ཏུ་ཡོད་སྐོར་བརྗོད་འདུག

དེ་བཞིན་ཨབ་གྷན་སྤྱི་དམངས་འཕྲོད་བསྱེན་ལྟ་སྐྱོང་བློན་ཆེན་གྱི་མགྲིན་ཚབ་པ་(Wahid Majorh)ཡིས། འབར་རྫས་དྲག་སྤྱོད་ཁྲོད་རྨས་སྐྱོན་ཐེབས་པའི་མི་མང་དང་གསར་འགོད་པ་སོགས་ཡོད་པ་དང་། ང་ཚོས་ད་ལྟ་དེ་དག་ཁཱ་བྷོལ་གྱི་སྨན་ཁང་འདྲ་མིན་ཁག་ནང་བཞག་ཡོད་ལ། ང་ཚོས་རྨས་སྐྱོན་ཐེབས་པའི་མི་ཚོར་སྨན་བཅོས་ལྟ་སྐྱོང་གི་མཐུན་རྐྱེན་གང་ཡག་སྤྲད་ཡོད། ཡིན་ན་ཡང་གནས་སྐབས་སུ་རྨས་སྐྱོན་ཕོགས་པའི་མི་སུ་སུ་ཡིན་ངོས་འཛིན་ཐུབ་ཁག་པོ་ཡིན་སྐོར་བརྗོད་ཡོད་པ་རེད།

འབར་རྫས་གས་འཐོར་ཁྲོད་བསད་པའི་གསར་འགོད་པ་དག་ནི་རྒྱལ་སྤྱིའི་གསར་འགོད་པ་དང་ས་གནས་གསར་འགོད་པ་སོགས་ཚུད་ཡོད་པ་དང་། ཧྥ་རན་སིའི་རྒྱལ་སྤྱིའི་(AFP)གསར་ཁང་གི་ཨབ་གྷན་ས་གནས་ཀྱི་པར་ལེན་འགན་འཛིན་ཤ་མཱ་རེ་(Shah Marai)ལགས་ཀྱང་ཡོད་འདུག ཁོང་ནི་ནམ་རྒྱུན་ཁ་ཆེའི་དྲག་སྤྱོད་ཤོག་ཁག་ལ་ཁ་གཏད་གཅོག་མཁན་དང་རྩོམ་འབྲི་མཁན་ཞིག་ཡིན་འདུག དེ་བཞིན་གསར་འགོད་པ་མང་པོ་ཞིག་ད་དུང་གསར་ཁང་གང་གིས་ཡིན་མིན་ངོ་རྟགས་ཆོད་ཀྱི་མེད་ན་ཡང་ཨབ་གྷན་བརྙན་འཕྲིན་ཁང་དང་པོའི་གསར་འགོད་པ་དང་པར་བ་རྐྱེན་འདས་སུ་ཕྱིན་ཡོད་སྐོར་བསྒྲགས་འདུག

ཐེངས་འདིའི་འབར་རྫས་དྲག་སྤྱོད་ནི་ཉེ་སྔོན་ཨབ་གྷན་རྒྱལ་ས་ཁྰ་བྷོལ་གྱི་འོས་བསྡུའི་ས་ཚིགས་སུ་འབར་རྫས་དྲག་སྤྱོད་བྱུང་ནས་མི་གྲངས་ ༥༠ བསད་དང་མི་གྲངས་༡༠༠ ལྷག་ལ་རྨས་སྐྱོན་བཟོས་ནས་བདུན་ཕྲག་གཅིག་ལྷག་ལས་ཕྱིན་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༤/༣༠

Leave a Reply