༧གོང་ས་མཆོག་གིས་ལྷོ་བྱང་ཀོ་རི་ཡར་འཚམས་འདྲི་མཛད།

༧གོང་ས་མཆོག་གིས་དོན་དམ་གྱི་ཞི་བདེ་དང་ཕན་ཚུན་ཡིད་ཆེས་ཐུབ་པའི་མཛའ་བརྩེའི་འབྲེལ་ལམ་ཞིག་འཛུགས་དགོས་ན་འཚེ་མེད་ཞི་བའི་གྲོས་མོལ་ཁོ་ན་བརྒྱུད་ནས་ཡོང་ཐུབ་རྒྱུ་ཡིན་པ་ལྷོ་བྱང་ཀོ་རི་ཡའི་འབྲེལ་མོལ་ལས་གསལ་སྟོན་གནང་ཡོད་སྐོར་གསུངས་འདུགལྷོ་བྱང་ཀོ་རི་ཡའི་སྲིད་འཛིན་གཉིས་དངོས་སུ་ཐུག་སྟེ་ཡུལ་གཉིས་ཀྱི་མཐའ་མཚམས་རྩོད་རྙོག་ཞི་འཇགས་དང་དམག་མཚམས་འཇོག་རྒྱུ་ཡིན་པའི་གྲོས་ཆོད་བཞག་ཡོད་པ་དང་། དེ་བཞིན་བྱང་ཀོ་རི་ཡས་རྡུལ་ཕྲན་ཚོད་ལྟའི་ལས་གཞི་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་པར་བརྟེན། ཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་བྱང་ཀོ་རི་ཡ་གཉིས་ལ་གསུང་འཕྲིན་བསྩལ་ཏེ་འཚམས་འདྲི་མཛད་ཡོད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གིས་ལྷོ་བྱང་གཉིས་ཀྱི་འབྲེལ་མོལ་གྲོས་ཆོད་ལ་རྒྱབ་སྐྱོར་འཐོབ་པར་ཡིད་ཆེས་ཡོད་སྐོར་གསུངས་འདུག

༧གོང་ས་མཆོག་གི་གསུང་འཕྲིན་ནང་། ངོས་རང་འཛམ་བུ་གླིང་འདི་དམག་འཐབ་སྤང་ཞིང་རྡུལ་ཕྲན་མཚོན་ཆ་རིམ་བཞིན་རྩ་མེད་བཟོ་རྒྱུའི་ལས་འགུལ་ཐོག་བློ་སེམས་བརྟན་པོས་འབད་བརྩོན་བྱེད་མཁན་ཞིག་ཡིན་ལ། སྐབས་འདིར་དབུ་འཁྲིད་རྣམ་གཉིས་མཇལ་འཕྲད་ཀྱིས་ཀོ་རི་ཡའི་གླིང་ཕྲན་ནང་ཕུགས་རྒྱང་རིང་པོའི་ཞི་བདེ་བརྟན་ལྷིང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུར་མོས་མཐུན་བྱུང་བར་ངོས་ཀྱིས་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན།

འཛམ་གླིང་ས་ཆ་འདྲ་མིན་ནང་དམག་འཁྲུག་སོགས་འཚེ་བའི་བྱ་སྤྱོད་ལ་བརྟེན་ནས་མི་བཟོད་པའི་སྡུག་བསྔལ་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་མཐོང་སྐབས་སྐྱོ་སྣང་ཆེན་པོ་ཡོང་གི་འདུག  དོན་དམ་གྱི་ཞི་བདེ་དང་ཕན་ཚུན་ཡིད་ཆེས་ཐུབ་པའི་མཛའ་བརྩེའི་འབྲེལ་ལམ་ཞིག་འཛུགས་དགོས་ན།  འཚེ་མེད་ཞི་བའི་གྲོས་མོལ་ཁོ་ན་བརྒྱུད་ནས་ཡོང་ཐུབ་རྒྱུ་ཡིན་པ་ཐེངས་འདིར་ཁྱེད་རྣམ་གཉིས་ཀྱིས་གསལ་སྟོན་གནང་སོང་། ཞེས་གསུངས་འདུག

ཐེངས་འདིའི་ལྷོ་བྱང་ཀོ་རི་ཡའི་གྲོལ་མོལ་ལ་འཛམ་གླིང་གི་རྒྱལ་ཁབ་གཞན་གྱིས་ཀྱང་མིག་དཔེ་བལྟ་འོས་པ་ཞིག་ཡིན་སྐོར་གསུང་འཕྲིན་ནང་། བཟང་ཕྱོགས་ཀྱི་འགྱུར་བ་འདི་ལ་བརྟེན་ནས། ས་ཕྱོགས་གཞན་དུའང་འཇིགས་སུ་རུང་བའི་གོ་མཚོན་དེ་དག་རྩ་མེད་བཟོས་ནས་ཡུན་གནས་ཐུབ་པའི་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུར་སེམས་འགུལ་ཐེབས་རྒྱུ་ཡིན་པ་ངོས་ཀྱིས་སེམས་གཏིང་ནས་རེ་བ་བྱེད་བཞིན་ཡོད། ཁྱེད་དབུ་འཁྲིད་རྣམ་གཉིས་ཀྱིས་ཐེངས་འདིར་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་གང་མདུན་སྤོས་བྱས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་ཡོད།  ཅེས་གསུངས་འདུག

ཁ་སང་ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ཇཱ་ཡིས་ཡུལ་དེའི་གྲོས་ཚོགས་ནང་སྲིད་འཛིན་ཊོམ་ཕུ་ཡིས་ལྷོ་བྱང་ཀོ་རི་ཡའི་ཞི་འགྲིག་ལ་འབད་བརྩོན་ཆེན་པོ་གནང་ཡོད་པ་དང་། ཁོང་ནི་དངོས་ནས་ལྷོ་བྱང་ཀོ་རི་ཡའི་ཞི་འགྲིག་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་ཐད་བློ་གཅིག་སེམས་གཅིག་ཡིན་པ་དང་། ང་ཚོར་དགོས་པ་དེ་ཞི་བདེ་ཁོ་ན་ཡིན་པས་མ་འོངས་པར་སྲིད་འཛིན་ཊོམ་ཕུ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འཐོབ་འོས་པ་ཞིག་རེད། ཅེས་བརྗོད་འདུག

ལྷོ་བྱང་ཀོ་རི་ཡའི་སྲིད་འཛིན་གཉིས་ཐུག་འཕྲད་བྱུང་རྗེས་ཞི་འགྲིག་གི་གོམ་སྟབས་དང་པོ་དེ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ཕན་ཚུན་བར་ལ་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ངན་ཚིག་དང་སྡུག་དམོད་བྱེད་པའི་ས་མཚམས་ཁག་གི་སྒྲ་སྒམ་རྣམས་བླངས་ཡོད་པ་དང་། དེ་བཞིན་བྱང་ཀོ་རི་ཡའི་ཆུ་ཚོད་ལྷོ་ཀོ་རི་ཡའི་ཆུ་ཚོད་ལས་སྐར་མ་ ༣༠ ལྷག་མགྱོགས་ཡོད་པ་དེ་སྙོམ་སྒྲིག་བྱ་རྒྱུ་ཡིན་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཐེངས་འདིའི་ལྷོ་བྱང་ཀོ་རི་ཡའི་འབྲེལ་མོལ་ཁྲོད་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བ་དང་ཨ་རིས་ལྷོ་ཀོ་རི་ཡའི་ནང་བཏང་བའི་དམག་མི་ཚང་མ་ཕྱིར་འཐེན་བྱ་དགོས་པ་བརྗོད་ཡོད་པ་དང་། དེ་ལ་ལྷོ་ཀོ་རི་ཡའི་ཕྱོགས་ནས་ཀྱང་ངོས་ལེན་གཙང་མ་གནང་ཡོད་པ་དང་། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་གྱིས་ང་ཚོས་རྡུལ་ཕྲན་མཚོན་ཆ་ཚང་མ་གཙང་མ་བཟོས་རྗེས་ནས་ཨ་རིའི་གསར་འགོད་པ་སོགས་སྐད་བཏང་སྟེ། ཞིབ་བཤེར་དང་ཡང་བསྐྱར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་མིན་གྱི་གནས་སྟངས་སོགས་ལ་བརྟག་དཔྱད་ཞིབ་མོ་བྱ་ཆོག་སྐོར་བརྗོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༠༡

Leave a Reply

One thought on “༧གོང་ས་མཆོག་གིས་ལྷོ་བྱང་ཀོ་རི་ཡར་འཚམས་འདྲི་མཛད།

  1. ངོ་མ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། འདི་འདྲ་བའི་བརྟན་ལྷིང་གི་འཇིག་རྟེན་གཅིག་སྐྲུན་ཐུབ་ན་མི་ཡུལ་འདི་ཅི་འདྲའི་མཛེས་སྡུག་ལྡན་པ་དང་ཡིད་སྨོན་ཤོར་ས་ཤིག་ཏུ་འགྱུར་བར་ཐེ་ཚོམ་མེད་ཀི། ༧གོང་ས་ཐམས་ཅད་མཁྱེན་པ་ཁྲི་ལོར་ཤོག ཁྲི་ལོར་ནས་ཁྲི་ལོར་ཤོག