བོད་མི་ཞིག་ལ་གསང་བའི་ཁྲིམས་ཐག་ལོ་ ༡༣ བཅད།

རྔ་བ་ཁུལ་ཁྱུང་མཆུ་རྫོང་མཐོང་སྨོན་སྡེ་བ་ནས་ཡིན་པའི་བོད་མི་དགྲ་འདུལ་ཞེས་པ་ཞིག་ལ་རྒྱ་གཞུང་གིས་གསང་བའི་ཐོག་ནས་ལོ་ངོ་ ༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༣ པ་ཙམ་གྱི་མཚན་མོ་ཞིག་ལ། རྔ་བ་ཁུལ་ཁྱུང་མཆུ་རྫོང་མཐོང་སྨོན་སྡེ་བའི་འབྲོག་མི་དགྲ་འདུལ་ལགས་ཞུ་བ་ཞིག་གློ་བུར་དུ་རང་ཁྱིམ་ནས་ཉེན་རྟོག་པས་བཙན་འཁྲིད་བྱས་ཏེ། དུས་ཡུན་ཟླ་ ༦ ཙམ་གྱི་རིང་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པ་དང་། ཕྱིས་སུ་དགྲ་འདུལ་ལགས་ལ་ལོ་ངོ་ ༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་བཙོན་ཁང་དུ་བཅུག་ཟིན་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

འདི་གའི་གསར་འགོད་པར་འབྲེལ་ཡོད་ཅིག་གིས་བརྗོད་པ་ལྟར་ན། དགྲ་འདུལ་ལགས་འཛིན་བཟུང་བྱེད་སྐབས་མཚན་མོའི་ཆུ་ཚོད་ ༡༢ ཡས་མས་ཤིག་ཡིན་སྟབས། སྡེ་མི་རྣམས་གཉིད་ཁུག་བསྡད་ཡོད་པས་མང་པོ་ཞིག་གིས་ཤེས་རྟོགས་བྱུང་མེད་ཀྱང་། ཞོགས་པ་ནམ་གསལ་དུས་ཁ་བ་ཆུང་ཆུང་ཞིག་བབས་ཡོད་པའི་ནང་དུ་རླངས་འཁོར་གྱི་འཁོར་ལོའི་རྗེས་དང་མིའི་རྐང་རྗེས་ཧ་ཅང་མང་པོ་ཞིག་སྡེ་བའི་ནང་དུ་ཡོད་པ་མ་ཟད། དགྲ་འདུལ་ཚང་དུ་ཕྱིན་པའི་རྗེས་ཤུལ་གསལ་ལེར་མཐོང་རྒྱུ་ཡོད་སྟབས། སྡེ་མི་ཚོས་མདང་དགོང་གནས་ཚུལ་ག་རེ་བྱུང་བ་ཡིན་ན་ཟེར་ནས་ཕན་ཚུན་དོགས་འདྲི་བྱས་པ་མ་ཟད། དགྲ་འདུལ་ཚང་གི་ཁྱིམ་མཚེས་ཚོས་མདང་དགོང་དགྲ་འདུལ་ཚང་ལ་མི་པོ་མང་ཞིག་བསླེབས་སོང་། ཁོང་ཚང་ལ་གནས་ཚུལ་ཞིག་བྱུང་བ་ཡིན་ནམ་ཟེར་ནས་ཁོང་གི་ཁྱིམ་དུ་ཕྱིན་སྐབས། དགྲ་འདུལ་ཚང་གི་ཕྱི་ནང་གི་སྒོ་ཚང་མ་ཕྱེས་ཏེ་ཁྱིམ་སྟོང་དུ་ལྷག་ཡོད་པ་མཐོང་མ་ཐག སྡེ་མི་ངོ་ཤེས་ཚོས་སི་ཁྲོན་ཁྲིན་ཏུའུ་རུ་ཕྱིན་པའི་དགྲ་འདུལ་ལགས་ཀྱི་བཟའ་ཟླ་ཚེ་རིང་ལྷ་མོ་ལགས་ལ་ཁ་པར་བཏང་ཡོད་ཀྱང་། མོའི་ཁ་པར་གྱི་སྒོ་བརྒྱབས་ཟིན་ཡོད་འདུག དེ་ནས་ཁྲིན་ཏུའུ་རུ་ཡོད་པའི་ཁོང་གི་འབྲེལ་ཡོད་ཅིག་ལ་ཁ་པར་བཏང་ནས་སྐད་ཆ་འདྲི་སྐབས། ཚེ་རིང་ལྷ་མོ་ལགས་མདང་དགོང་མཚན་དཀྱིལ་ཙམ་ལ་ཁྲིན་ཏུའུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟ་གང་དུ་ཡོད་མེད་ཤེས་ཀྱི་མི་འདུག་ཅེས་བརྗོད་ཡོད་འདུག

དགྲ་འདུལ་བཟའ་ཟླ་གཉིས་ཉིན་གཅིག་དུས་གཅིག་ལ་འཛིན་བཟུང་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་རྗེས། སྡེ་བའི་ནང་ཁོང་གཉིས་འཛིན་བཟུང་བྱེད་དོན་ཅི་ཡིན་སྐོར་ལ་ལབ་གླེང་མང་པོ་བྱུང་ཡོད་པ་དང་། མང་པོ་ཞིག་གིས་ཁོང་ནམ་རྒྱུན་མི་ཧ་ཅང་ཞི་ལྷོད་ཅིག་ཡོད་པས་སྤྱོད་ངན་ཁྲིམས་འགལ་རིགས་གཏན་ནས་བྱས་ཡོད་རྒྱུ་མ་རེད་ཅེས་བཤད་པ་དང་། ཡང་ཁ་ཤས་ཀྱིས་ལོ་མང་རིང་ཁོང་བཟའ་ཟླ་གཉིས་ཀྱིས་ཚོང་ལས་ཙག་ཙིག་གཉེར་ཏེ་ཡར་མར་འགྲོ་སྐྱོད་བྱས་ཡོད་པས་ནག་ཚོང་བརྒྱབས་པ་ཡིན་ནམ་ཟེར་བ་སོགས་ཀྱི་སྐད་ཆ་བྱུང་ཡོད་འདུག ཁོང་བཟའ་ཟླ་གཉིས་འཛིན་བྱས་ཏེ་ཉིན་ཤས་འགོར་རྗེས་ཚེ་རིང་ལྷ་མོ་ལགས་ཀློད་གྲོལ་བཏང་སྟེ་རང་ཁྱིམ་དུ་འབྱོར་ཡོད་འདུག ཡིན་ནའང་། ཁོང་གཉིས་འཛིན་བཟུང་བྱེད་དོན་ཅི་ཡིན་སྐོར་ཕྱི་ལ་གཏན་ནས་བཤད་མེད་པས་གསལ་པོ་མེད་པར་ལྷག་ཡོད་འདུག

དེ་ནས་བདུན་ཕྲག་གཅིག་ཡས་མས་འགོར་རྗེས། རྒྱ་ནག་གཞུང་གིས་ཐད་བསྐོས་བྱས་པའི་གྲོང་ཚོའི་དམར་ཤོག་དྲུང་ཆེ་ཧོང་བྷེ་ཟེར་བའི་བོད་རིགས་དེས་སྡེ་མི་ཚོར་ཚོགས་འདུ་ཞིག་བསྐོངས་ཏེ། ང་ཚོའི་གྲོང་པ་ཆུང་ཆུང་། དབུལ་པོ་ཉམ་ཐག་འདིའི་ནང་དུ་ཆབ་སྲིད་ཀྱི་བྱ་བ་བྱེད་མཁན་ཡོད་པ་རེད་བསམ་པ་ཞིག་ད་ལྟ་བར་དུ་དྲན་མྱོང་མེད། ཁྱེད་རང་ཚོས་རང་ཁ་གསོ་ཐུབ་ན་འགྲིག་ཚར་རེད། ཆབ་སྲིད་ཀྱི་ལས་ཀ་བྱས་ཏེ་རླབས་ཆེན་གྱི་རྒྱལ་ཁབ་ལ་ངོ་ལོག་བྱེད་པའི་བྱ་སྤྱོད་སྤེལ་བ་ནི་ཙི་ཙིས་འཛམ་གླིང་ཁ་ལོ་བསྒྱུར་བསམ་པའི་རྨི་ལམ་དང་གཅིག་པ་རེད། ཁྱེད་རང་ཚོས་ཆབ་སྲིད་ཀྱི་བྱ་བ་བྱས་ན་རང་སྡུག་རང་གིས་ཉོས་པ་རེད། སྐབས་དེར་སུ་གཅིག་གིས་ཀྱང་སྐྱོབ་ཐུབ་ཀྱི་མ་རེད། ཁྱེད་རང་ཚོས་ལུང་ཁུག་ཅིག་ནས་སྐད་འཕྲིན་སོགས་ཀྱི་ནང་སྐད་ཆ་བཤད་ན་སུ་གང་གིས་ཤེས་ཀྱི་མ་རེད་དྲན་གྱི་ཡོད་ཀྱང་། དེ་ཚོར་སྐར་ཆ་གཅིག་གི་ནང་དུ་གཙང་བཤེར་ཐུབ་ཀྱི་ཡོད་པ་རེད། ཅེས་སོགས་བརྗོད་དེ་གཏམ་བཤད་ཉེན་བརྡ་བཏང་རྗེས། གཞི་ནས་སྡེ་མི་ཚོས་དགྲ་འདུལ་ལགས་ཀྱིས་ཆབ་སྲིད་དང་འབྲེལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

དགྲ་འདུལ་ལགས་ཆུང་དུས་ནས་འབྲོག་ལས་བྱས་ཏེ་འབྲོག་ས་རང་ལ་བསྡད་ཡོད་ཀྱང་། ལོ་ཤས་གོང་ནས་བུ་ཡིས་མནའ་མ་བླངས་ཏེ་ཕ་མ་གཉིས་མཐོང་སྨོན་སྡེ་བའི་ནང་ངལ་གསོ་བྱས་ནས་བསྡད་ཡོད་འདུག ལོ་གཅིག་གཉིས་ཀྱི་སྔོན་དུ་དགྲ་འདུལ་ལགས་ལ་ནད་གཞི་བྱུང་སྟེ་རྒྱུན་དུ་སྨན་བསྟེན་དགོས་པ་ཞིག་ཆགས་པར་བརྟེན། ཕྱི་ལོགས་སུ་འགྲོ་སྐྱོད་བྱེད་པ་ཉུང་དུ་ཕྱིན་ཏེ་ཁྱིམ་དུ་བསྡད་ཡོད་པ་དང་། ཁོང་གི་བཟའ་ཟླ་ཚེ་རིང་ལྷ་མོས་ཁོང་དང་ཚ་བོ་གཉིས་ལ་ལྟ་སྐྱོང་བྱས་ནས་བསྡད་ཡོད་འདུག

དགྲ་འདུལ་ལགས་དགུང་ལོ་ ༥༠ ཡས་མས་ཡིན་ཞིང་།  ཁོང་བཟའ་ཟླ་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་ཡོད་པའི་ནང་ནས་བུ་གཅིག་གཞི་འཛིན་དང་། བུ་གཅིག་གྲྭ་བ་ཡིན་ལ་ཅུང་ནད་པ་ཞིག་ཡིན་འདུག བུ་མོ་མནའ་མར་ཕྱིན་ནས་ཡུན་རིང་སོང་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༥/༠༡

Leave a Reply

One thought on “བོད་མི་ཞིག་ལ་གསང་བའི་ཁྲིམས་ཐག་ལོ་ ༡༣ བཅད།