ཐ་སྙད་གསར་པའི་ཐད་དགོངས་ཚུལ་གསུང་མཁན་ཡོད་ན་དགའ་བསུ་ཡོད།

ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཐ་སྙད་གསར་པ་རྣམས་གཏན་འབེབ་གཅིག་པུ་ཙམ་མ་ཡིན་པར་ང་ཚོའི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་གཏོང་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་༡༠:༣༠ སྟེང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་ཚན་པས་ཐ་སྙད་འཚོལ་བཤེར་དྲ་རྒྱ་ཞིག་དང་དབྱིན་བོད་ཤན་སྦྱར་གྱི་ཐ་སྙད་ཕྱོགས་བསྡུས་བྱས་པའི་དཔེ་དེབ་ཅིག་བཅས་དབུ་འབྱེད་གནང་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས། ཤེས་རིག་ཐ་སྙད་རྩོམ་སྒྲིག་ཚན་པའི་ཨོ་རྒྱན་བསྟན་འཛིན་ལགས་ཀྱི་གཙོས་ཤེས་རིག་ལས་ཁུངས་ཀྱི་སྲི་ཞུ་ལས་བྱེད་ཁག་ཅིག་བཅས་ཁྱོན་མི་གྲངས་ ༣༠ ལྷག་ཅིག་འཛོམས་འདུག

མཛད་སྒོའི་ཐོག་མར་ཤེས་རིག་ཐ་སྙད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ནས་ཐ་སྙད་ཚན་པས་རྩོམ་སྒྲིག་གནང་བའི་དབྱིན་བོད་ཤན་སྦྱར་གཏན་འབེབ་བརྡ་ཆད་དེབ་ཕྲེང་ ༡༡ པ་དང་ཐ་སྙད་འཚོལ་བཤེར་དྲ་རྒྱ་གཉིས་ཀྱི་སྐོར་ངོ་སྤྲོད་གནང་དོན། སྤྱིར་སྐད་ཡིག་ཟེར་བ་དེ་མི་རིགས་ཀྱི་སྲོག་རྩ་ཡིན་པ་དང་མི་རིགས་ཤིག་གནས་དང་མ་གནས་དེ་སྐད་ཡིག་ལ་རག་ལས་ཡོད་པ་རེད། བོད་སྐད་ཡིག་ལ་མཚོན་ན། བོད་པའི་ཆོས་དང་རིག་གཞུང་ཚང་མའི་རྟེན་གཞི་ཡིན་པ་དང་། བོད་ནང་གི་གཞིས་ལུས་བོད་མི་ཚོས་སྐད་ཡིག་སྲུང་སྐྱོབ་ཆེད་རང་སྲོག་བློས་གཏོང་གནང་གི་ཡོད་པ་རེད། དེ་ཙམ་མ་ཟད་བར་སྐབས་ཤིག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་ག་རེ་ཕེབས་ཡོད་པ་རེད་ཅེས་ན། ང་རང་ཚོའི་ཆོས་དང་རིག་གཞུང་དེ་ཕྱུག་ཐག་ཆོད་ཡོད་པ་རེད། དེ་མི་ཉམས་རྒྱུན་འཛིན་བྱས་པའི་ཐོག་རྗེས་ལུས་ཐེབས་བསྡད་པའི་དེང་དུས་ཤེས་ཡོན་ཚན་ཁག་ཅིག་ལ་ཐ་སྙད་གསར་བཟོ་དང་། དེ་དག་བོད་པའི་རིག་གཞུང་ནང་ཚུར་ནང་འདྲེན་བྱེད་ཐུབ་པ་ཡིན་ན་རིག་གནས་དེ་ཆ་ཚང་བ་ཞིག་ཆགས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད། དེ་བཞིན་བཀའ་ཤག་སྐབས་ ༡༣ པ་ཁྲི་ཟུར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གལ་ཆེན་པོར་གཟིགས་ཏེ། ཕྱི་ལོ་ ༢༠༠༦ ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་ཤེས་རིག་ཐ་སྙད་ཚན་པ་ཞེས་པ་འདི་དབུ་བརྙེས་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས་མུ་མཐུད། ཕྱི་ལོ་༢༠༠༨ ལོ་ནས་ང་ཚོས་ཐ་སྙད་དེབ་ཕྲེང་དང་པོ་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང་། དེབ་དེའི་ནང་ཐ་སྙད་ ༡༥༠༠ ལྷག་ཅིག་ཡོད་པ་རེད། དེབ་དེ་ཚོགས་པ་དང་སྒྲིག་འཛུགས། སློབ་གྲྭ་ཁག་ཚང་མར་དེབ་གྲངས་ ༥༠༠༠ བཀྲམས་ཡོད་པ་རེད། ད་ལྟ་དྲ་ཚིགས་ https://tibterminology.net/ནང་བཅུག་ཡོད་པའི་ཐ་སྙད་དེ་དག་ལས་དབྱིན་ཡིག་གི་ངེས་ཚིག་དེ་ཚིག་མཛོད་འདྲ་མིན་ནས་བཙལ་སྟེ་འཚམ་ཤོས་བདམས་ནས་བོད་སྐད་ནང་ལ་བསྒྱུར་གྱི་ཡོད་པ་རེད། བསྒྱུར་སྟངས་དེ་སྒྲ་བསྒྱུར་དང་དོན་བསྒྱུར་དཀྲུག་བསྒྱུར་སོགས་རྣམ་པ་འདྲ་མིན་ངོས་ནས་བསྒྱུར་ཡོད་པ་རེད། དེ་བཞིན་བོད་དབྱིན་གྱི་ཚིག་མཛོད་མང་པོ་ཞིག་ཡོད་པ་ལས་ཐ་སྙད་ག་རེ་ཡོད་པ་དེ་དག་དཔྱད་གཞིའི་ནང་ཡོད་པ་རེད་ལ། དམིགས་བསལ་བོད་ནང་ན་ཡོད་པའི་ཚིག་དེ་དག་དཔྱད་གཞིའི་ནང་ཡོད་པ་རེད། རྒྱུ་མཚན་མི་འབོར་དང་སློབ་སྦྱོང་གང་གི་ཆ་ནས་ཡིན་ནའང་བོད་ནང་ཡག་པོ་ཆགས་བསྡད་ཡོད་དུས་ང་ཚོས་གང་ཐུབ་བོད་ནང་གི་ཐ་སྙད་དེ་དག་དཔྱད་གཞིའི་ནང་བཅུག་གི་ཡོད། དེ་བཞིན་ཐ་སྙད་གསར་པ་བཟོ་སྐབས་སོ་སོའི་ཐ་སྙད་དེའི་དཔྱད་གཞི་དང་ཚིག་མཛོད་གང་ནས་ཡིན་པ་སོགས་གཞི་ལ་བཞག་ནས་ལས་རོགས་ཚོ་ནང་ཁུལ་གྲོས་མོལ་དང་། མི་སྒེར་སོ་སོའི་ཀླད་པ་དཀྲུག་ནས་བཟོ་ཡི་ཡོད་པ་རེད། དེ་བཞིན་ཐ་སྙད་གཏན་འབེབ་ལྷན་ཚོགས་ལ་མཚོན་ན། དབྱིན་ཡིག་དང་ཧུན་རྡུ་རྒྱ་ཡིག་སོགས་ཚང་མར་མཁས་པ་དེ་འདྲ་ཆགས་བསྡད་ཡོད་པ་རེད། གཏན་འབེབ་ལྷན་ཚོགས་ནས་ང་ཚོའི་ཟིན་བྲིས་བཏབ་པའི་ཐ་སྙད་དེ་དག་ལ་རེ་རེ་བཞིན་གོ་བསྡུར་སྦྱང་བཤད་ཀྱིས་གཏན་ལ་ཕབ་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

བོད་ཕྱི་ནང་གཉིས་ཀྱི་ཐ་སྙད་གསར་པ་དང་དེ་དག་གི་གོ་དོན་སྐོར་ལ་ཁོང་གིས། བོད་ནང་ནས་དབྱིན་ཡིག་(Insurance) ཞེས་པའི་ཐ་སྙད་འདི་འགན་བཅོལ་ཞེས་བསྒྱུར་ཡོད་པ་དང་། འདི་ནས་ཉེན་སྲུང་ཞེས་ཚང་མར་གྲགས་ནས་ཡོད་པ་རེད། ང་ཚོས་བོད་ནས་བསྒྱུར་བ་དེ་ཡང་ཡག་པོར་མཐོང་ནས་ཐ་སྙད་ནང་དུ་བཅུག་ཡོད་ལ། དེ་བཞིན་ང་རང་ཚོའི་ཐ་སྙད་ཉེན་སྲུང་གཉིས་ཀ་དོན་གཅིག་མིང་གི་རྣམས་གྲངས་སུ་བཞག་ནས་བཅུག་ཡོད། བོད་ནས་བསྒྱུར་བའི་ཐ་སྙད་ཡག་པོ་མཐོང་བ་རྣམས་ཐ་སྙད་ཚན་པས་གཏན་འབེབས་ནང་གང་ཐུབ་ཀྱིས་བཞག་ཡོད། གཞན་ཡང་བོད་ནས་དབྱིན་ཡིག་གི་ཐ་སྙད་(Tution) ཞེས་པ་སློབ་ཡོན་ཞེས་བསྒྱུར་ཡོད་པ་དང་བཙན་བྱོལ་ནང་ཟུར་ཁྲིད་ཞེས་བསྒྱུར་ཡོད་པ་རེད། བོད་ནང་གི་ཐ་སྙད་མང་པོ་ཞིག་ང་ཚོའི་བཅུག་ཐུབ་ཐབས་མི་འདུག་ལ་གཙོ་བོ་བོད་ནང་གི་ཐ་སྙད་མང་པོ་ཞིག་རྒྱ་ཡིག་ལ་གཞི་བཞག་ནས་བསྒྱུར་ཡོད་པས། རྒྱ་ཡིག་ནང་ཡོད་པ་དེ་དང་པོ་དབྱིན་ཡིག་ནང་བསྒྱུར་ནས་སྐད་ཡིག་རིམ་པ་གསུམ་ཞིག་འགྲོ་ཡི་ཡོད་དུས་ང་ཚོས་འདི་ནས་ཐད་གར་དབྱིན་ཡིག་ནས་བསྒྱུར་བཞིན་ཡོད་པ་རེད། ཅེས་བརྗོད་སོང་།

དེའི་རྗེས་ཤེས་རིག་བཀའ་བློན་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ང་རང་ཚོའི་སྐད་སྒང་ལ་ཐ་སྙད་མང་པོ་ཞིག་སྔོན་མ་ནས་ཡོད་བསྡད་ཡོད་པ་རེད། ཡིན་ན་ཡང་ང་ཚོ་བཙན་བྱོལ་ནང་དུ་ཉིན་རེའི་བཀའ་མོལ་སོགས་གནང་བའི་སྐབས་སུ་ལྷོད་ཡང་ལ་ཤོར་བ་དང་། སྤྱི་ཚོགས་ཀྱི་འགྲོ་སྟངས་སོགས་ཀྱི་ཐ་སྙད་མང་པོ་ཞིག་ཡོད་པ་ཡིན་ན་ཡང་ང་ཚོས་བེད་སྤྱོད་མ་བཏང་བ་ཆགས་ཀྱི་ཡོད་པ་རེད། གཉིས་ནས་ང་ཚོའི་སྤྱི་ཚོགས་ཁོར་ཡུག་དང་འཚོ་བ་རོལ་སྟངས། དེ་བཞིན་སློབ་སྦྱོང་བྱེད་སའི་ཁ་ཕྱོགས་སོགས་ཀྱིས་དམིགས་བསལ་གློག་ཆས་དང་འཕྲུལ་ཆས་རིགས། དེ་བཞིན་ཚན་རིག་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག་མེད་པ་རེད། དེ་དག་ལ་དམིགས་ནས་ཐ་སྙད་མང་པོ་ཞིག་གསར་བཟོ་དང་གཏན་འབེབ་གནང་གི་ཡོད་པ་དང་། ཐ་སྙད་དེ་དག་ང་རང་ཚོའི་སྤྱི་ཚོགས་ནང་གཏན་འབེབ་གཅིག་པུ་ཙམ་མ་ཡིན་པར་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་གཏོང་རྒྱུ་དེ་གལ་ཆེན་པོ་རེད། སྤྱིར་འཛམ་གླིང་གི་སྐད་ཡིག་ལ་ཉམས་ཞིབ་པ་དང་སྐད་ཡིག་སྐོར་ལ་མཁས་དབང་ཡིན་པ་མང་པོས་ད་ལྟའི་ཆར་འཛམ་གླིང་ནང་གནས་བཞིན་པའི་སྐད་ཡིག་ཕལ་ཆེར་༧༠༠༠ ཙམ་ཡོད་པ་དང་། དེའི་ནང་ནས་ཕྱེད་ཀ་ཙམ་ལ་མ་གཏོགས་སྐད་ཡིག་མང་པོར་བྲིས་གཟུགས་ཡོད་པ་མ་རེད་ཅེས་བཤད་ཀྱི་འདུག ང་རང་ཚོ་བོད་པའི་སྐད་ལ་དེ་གཉིས་ཀ་ཡོད་པ་ཞིག་ཡིན་པ་མ་ཟད། བོད་པའི་ཆོས་རིག་གཞུང་གནས་དང་མ་གནས་ཟེར་བ་དེ་ང་ཚོའི་སྐད་ཡིག་ལ་ཐུག་ཡོད་དུས། ང་ཚོ་མི་རེ་ངོས་རེ་ནས་ཐ་སྙད་གང་ཡོད་པ་རྣམས་བེད་སྤྱོད་ཡག་པོ་བྱེད་པ་དང་། དཀའ་ལས་བརྒྱབས་ཏེ་ཐ་སྙད་གསར་པ་མང་པོ་ཞིག་གཏན་འབེབས་བྱས་པ་རྣམས་བེད་སྤྱོད་ཡག་པོ་གཏོང་ཐབས་སུ་ཁྱབ་སྤེལ་བྱེད་རྒྱུར་ང་རང་ཚོས་འབད་བརྩོན་བྱེད་དགོས་ཀྱི་འདུག ཅེས་གསུངས་སོང་།

མཇུག་ཏུ་ཤེས་རིག་ཐ་སྙད་ཚན་པའི་འགན་འཛིན་གྱིས་དྲ་རྒྱའི་ནང་བཅུག་ཡོད་པའི་ཐ་སྙད་དེ་དག་ཇི་ལྟར་བེད་སྤྱོད་གཏོང་ཐབས་སྐོར་ལ། འཚོལ་བཤེར་བྱ་རྒྱུའི་ཐ་སྙད་འགེངས་རོགས་ཞེས་པའི་འཚོལ་ཁུངས་སུ་ཐ་སྙད་དེ་གཏགས་པ་ཡིན་ན་བོད་དབྱིན་གཉིས་ཀྱི་ཐ་སྙད་འཚོལ་ཐུབ་ཀྱི་ཡོད་པ་དང་། དེ་བཞིན་ཐ་སྙད་བོད་ཡིག་ལ་བསྒྱུར་བའི་དོན་འགྲེལ་དང་ཚིག་གཉིས་ཀ་འཆར་ཐུབ་ཀྱི་ཡོད་པ་རེད། གཞན་དབྱིན་ཡིག་གི་ཐ་སྙད་འཚོལ་སྐབས་མི་རྙེད་པ་སོགས་བྱུང་ན་འཚོལ་བཤེར་འོག་ཏུ་བྲིས་པའི་དབྱིན་ཡིག་གི་གསལ་བྱེད་དག་གི་སྟེང་དུ་མནན་པ་ཡིན་ན། ཐ་སྙད་དེ་དག་གསལ་བཤད་ཀྱི་གོ་རིམ་བཞིན་འཚོལ་ཐུབ་པ་རེད། ང་ཚོའི་ངོས་ནས་འབད་བརྩོན་ཆེན་པོས་བཟོས་ཡོད་ན་ཡང་ད་ལྟ་ད་དུང་ནོར་འཁྲུལ་ཡོད་སྲིད་པས་ཐ་སྙད་གསར་བཟོ་དང་ཐ་སྙད་གསར་པ་ཚོའི་ཐོག་དགོངས་ཚུལ་གསུང་མཁན་ཡོད་ན་དགའ་བསུ་ཡོད། ཅེས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༠༡

Leave a Reply

6 thoughts on “ཐ་སྙད་གསར་པའི་ཐད་དགོངས་ཚུལ་གསུང་མཁན་ཡོད་ན་དགའ་བསུ་ཡོད།

  1. ཆབ་ཚང་འཇམ་དཔལ།

    Tution མ་རེད། tuition རེད། བོད་སྐད་ལ་དམིགས་བཀར་སློབ་ཁྲིད། ཅེས་པར་བསྒྱུར་དགོས། Tuition fees ཅེས་པ་སློབ་ཡོན་ལ་བསྒྱུར་ན་ཏག་ཏག་རེད་བསྡད་ཡོད་པ་རེད།

  2. བོད་ཕྱི་ནང་གཉིས་ཀ་ནས་འགལ་མེད་ཀྱི་ཐ་སྙད་གསར་པ་དང་ལྷག་པར་འཛམ་གླིང་གྲགས་ཅན་མཁས་པ་རྣམས་ཀྱི་མིང་གཅིག་འགྱུར་ཡོད་ན་ལྷག་ཏུ་བཟང་བ་དང་། དེ་མིན་དབྱིན་བསྒྱུར་དང་རྒྱ་བསྒྱུར་སོགས་ཀྱི་དཔེ་དེབ་རྣམས་ལ་མཁས་པའི་མིང་ལ་གཅིག་འགྱུར་མེད་པས་གོ་དཀའ་བ་དང་མིང་འཁྲུག་པ་ལ་སོགས་པའི་ཉེས་སྐྱོན་མང་པོ་མཆིས་ལ། དེའི་ཕྱིར་ན་གཅིག་འགྱུར་གྱི་མིང་བཟོ་ཐུབ་ན་བཟང་ས་རེད།།

    དེ་མིན་གང་ཐུབ་ཀྱི་ཐ་སྙད་རྣམས་གཞན་གྱི་སྒྲ་གདངས་ཙམ་མིན་རྒྱུ་དང་བོད་རང་གི་ཁྱད་ཆོས་འཐོན་པ་ཞིག་ཡོངས་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེན་རེད་བསམ།།