མི་འགྱངས་བར་བོད་དོན་ལའང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་རེ་བ་འདུག

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་སུམ་ཅུ་པའི་ཐོག་སྲིད་སྐྱོང་མཆོག་གིས་མ་འོངས་ལོ་གསུམ་བཞི་ནི་བོད་ལ་མཚོན་ན་གཉན་འཕྲང་ཅན་ནམ་རེ་བ་ཆེན་པོ་ཡོད་པའི་དུས་སྐབས་ཤིག་ཏུ་འགྱུར་རྒྱུ་ཡིན་སྐོར་གསུངས་འདུག

དེ་རིང་བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་ཨེ་ཤ་ཡའི་འཕྲོད་བསྟེན་གསོལ་མགྲོན་ཁང་(Asia Health Resorts)ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ ༡༩ ལྷན་འཛོམས་ཀྱིས། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་སུམ་ཅུ་པ་མགོ་འཛུགས་ཀྱིས་ཚེས་ ༣ ཉིན་བར་འཚོགས་བཞིན་འདུག

ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་གནད་དོན་མང་པོ་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་པ་དང་། དཔེར་ན་ཉེ་འཆར་ལྷོ་བྱང་ཀོ་རི་ཡའི་དབུ་འཁྲིད་རྣམས་ཐུག་འཕྲད་བྱས་ཟིན་པ་ལྟར་བོད་ཀྱི་གནད་དོན་ལའང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་བའི་རེ་བ་ཡོད་ལ། ད་ལྟའི་རྒྱ་ནག་གི་མགོ་འཁྲིད་གསར་པའི་ཁྲོད་བོད་ཀྱི་གནད་དོན་ཐད་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཁག་ཅིག་ཡོང་ངེས་པའི་རྒྱུ་རྐྱེན་སོགས་ལ་བརྟེན་ནས་ཕྱི་ལོ་ ༢༠༢༡ ནས་རྒྱ་ནག་ནང་གི་ཆབ་སྲིད་གནས་སྟངས་འགྱུར་སླ་བོ་ཆགས་རྒྱུ་ཡིན་སྟབས། མ་འོངས་པའི་ལོ་གསུམ་དང་བཞི་ནི་བོད་ལ་མཚོན་ན་གཉན་འཕྲང་གི་དུས་སྐབས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་དང་། སྐབས་དེར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དང་༧གོང་ས་མཆོག་ཕྱིར་བོད་ལ་གདན་འདྲེན་བྱ་རྒྱུ་ཐག་གིས་ཆོད་སྲིད་སྐོར་གསུངས་ཡོད་འདུག

ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ལ་འགྱུར་བ་འགྲོ་ཡི་ཡོད་པའི་དུས་སྐབས་འདི་དང་བསྟུན། ཐེངས་འདིའི་ལྷན་ཚོགས་ཐོག་མ་འོངས་པར་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་ཕྱོགས་སྐོར་ལ་བགྲོ་གླེང་གནང་གི་ཡོད་པ་དང་། ད་ལྟ་བར་དུ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་མ་ཐུབ་པ་དེ་ནི་རྒྱ་ནག་གཞུང་གི་ཕྱོགས་ནས་ཡིད་ཆེས་མ་སྤྲད་པ་དང་དོགས་པ་ཆེན་པོ་བྱས་རྐྱེན་ཡིན་སྐོར་གསུངས་སོང་།

ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བོད་རྒྱ་ཞི་མོལ་ཐེངས་ ༩ གནང་རྗེས་རྒྱ་ནག་ཕྱོགས་ནས་འབྲེལ་མོལ་མཚམས་བཅད་ཡོད་པ་རེད། ཡིན་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ག་དུས་འབྲེལ་མོལ་གནང་བ་ཡིན་ནའང་གྲ་སྒྲིག་ཨང་གསར་ཡོད་ཅེས་གསུང་སྟེ། འབྲེལ་མོལ་མཚམས་ཆད་རྗེས་ཀྱང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༨ ཚོགས་ཟིན་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༨/༠༥/༠༡

Leave a Reply

4 thoughts on “མི་འགྱངས་བར་བོད་དོན་ལའང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་རེ་བ་འདུག

  1. ད་ནི་མགོ་གཡོག་མགོ་སྐོར་དང་བསླུ་ཁྲིད་ཀྱི་གསལ་བསྒྲགས་དེ་ཚོ་མ་གནང་རོགས་ཞུ། བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་མིན་དེ་ང་ཚོའི་སེམས་ན་གསལ་བོར་ཡོད་པ་དང་། ཁྱེད་ཚོས་ནམ་རྒྱུན་འཇོན་མདོག་བསྟན་ཏེ་གངས་སྐྱིད་ཀྱི་ཐབ་ཚང་བར་ནས་ཚོགས་འདུ་ཐེངས་སུམ་ཅུ་འཚོགས་པ་རེད། ཕྱི་དཀྲུག་ནང་དཀྲུག་བྱས་ན་ཁྱེད་ཚོས་ལོ་རྒྱུས་ནག་པོ་བཟོས་ཏེ་མ་འོངས་གཞོན་སྐྱེ་ཚོར་བསམ་བློ་བཏང་བ་ཡིན་ནམ། འབྲེལ་མོལ་ཟེར་བ་ནམ་ཡང་ཡོང་རྒྱུ་མེད་ནོ་ད་དུང་མི་ཤེས་སམ། བྱམས་བརྩེ་ལྡན་པའི་བོད་པ་མང་ཚོགས་ལ་མགོ་སྐོར་མ་གཏོང་རོགས་ཞུ།

  2. གཞུང་པ་ཚེ་དབང་བསོད་ནམས་།

    བོད་རྒྱའི་དཀའ་སྙོགས་དེ་ཀོ་རི་ཡ་ལྷོ་བྱང་དང་ཐེ་ཝན་དང་རྒྱ་ནག་སོགས་ལ་ཚད་བསྡུར་དང་རེ་བ་བཅོལ་མཁན་ཡོད་ན་རྒྱལ་སྤྱིའི་ཆབ་སྲིད་ལ་རྒྱུས་ལོན་མ་ཐུབ་པའི་སྟོང་ཆ་གྲགས་རྒྱུའི་ཆབ་སྲིད་ཙམ་ལས་མ་འདས་།

  3. གཞུང་པ་ཚེ་དབང་བསོད་ནམས་།

    བོད་རེ་བས་ཕུང་རྒྱ་དོགས་པས་ཕུང་ཟེར་བ་ལྟར་ང་ཚོའི་མི་ལོ་དྲུག་བཅུ་རེ་བ་ལ་སྐྱབས་བཅོལ་ནས་དུས་ཚོད་བཏང་ཡོད་ལ་རྒྱ་མིའི་མི་ལོ་དྲུག་བཅུ་དོགས་པ་ལ་སྐྱབས་བཅོལ་ནས་དུས་ཚོད་བཏང་ཡོད་པ་ནས་བོད་རྒྱ་གཉིས་རེ་དོགས་ཀྱི་ས་མཚམས་ནས་གྲོལ་མ་ཐུབ་བར་བོད་རྒྱའི་འབྲེལ་ལམ་ཟེར་བ་ཉིན་འབུད་ཞག་འགྱངས་ཐུབ་པའི་ཆབ་སྲིད་ཙམ་ལས་མ་འདས་།

  4. བོད་རྒྱ་འབྲེལ་མོལ་ཕྱི་ལོ་ཉིས་སྟོང་བཅུ་ནས་རྒྱ་དམར་གྱིས་མཚམས་བཅད་པ་ནས་ད་ལྟ་བར་འབྲེལ་མོལ་གྱི་ཟམ་པ་འཛུགས་མ་ཐུབ་པར་ལྷག་བསྡད་ཡོད་ན། ད་ལྟའི་ཞི་མོལ་གྱི་ཚོགས་འདུ་འཚོགས་བཞིན་པ་དེ་ཟམ་པ་མ་རྒྱག་གོང་ལ་ཟམ་པའི་ཐོག་ཏུ་འགྲོ་ལུགས་ཀྱི་གྲབས་བྱེད་པ་དང་ཀུན་ནས་མི་མཚུངས་སམ། ལྷོ་བྱང་ཀོ་རི་ཡའི་རྒྱལ་ཁབ་གཉིས་ཀྱང་འབྲེལ་ལམ་སྔོན་དང་ཞི་མོལ་རྗེས་སུ་འཇུག་པའི་ལས་དོན་གཉེར་བ་ཡིན་པས་དེ་ནི་སྤྱིར་སྟངས་འཁྲུག་རྐྱེན་བྱུང་བའི་ལས་དོན་གང་ཞིག་ཡིན་རུང་བརྒྱུད་རིམ་དེ་དབྱེན་འདུམ་སྒྲིག་པའི་ལས་ཀའི་བྱེད་ཕྱོགས་ངེས་པ་དང་གཏན་འཁེལ་བ་ཞིག་རེད་སྙམ། འོན་ཀྱང་། ད་ལྟའི་་་་་་་་་་་་་་་་་་་་་་་་ ?