རྩིས་ཞིབ་སྤྱི་ཁྱབ་པ་གསར་དུ་བསྐོས།

ཁ་སང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༡ པའི་ཐོག་གཞུང་ཞབས་དྲུང་ཆེ་ཟུར་པ་ཨརྱ་པདྨ་དགྲ་འདུལ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་སྤྱི་ཁྱབ་པར་མང་མོས་བདམས་ཐོན་བྱུང་ཡོད་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཅུ་པའི་དོན་ཚན་ (༡༠༧) པའི་ནང་གསེས་དང་པོའི་ཀ་པ་དང་ཁ་པའི་དགོངས་དོན་བཞིན། ཁ་སང་ཕྱི་ཚེས་ ༡ ཉིན་གྱི་ཉིན་གུང་སྤྱི་འཐུས་ཀྱི་རྒྱུན་ལས་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༡ པ་ཚོགས་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་སྤྱི་ཁྱབ་པ་གསར་འདེབས་ཆེད། ངོ་ཡོད་སྤྱི་འཐུས་རྒྱུན་ལས་ ༡༡ གིས་གསང་བའི་འོས་ཤོག་འཕངས་བ་བརྒྱུད་རྒྱུན་ལས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོབ་སྟེ། གཞུང་ཞབས་དྲུང་ཆེ་ཟུར་པ་ཨརྱ་པདྨ་དགྲ་འདུལ་ལགས་རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བསྐོ་གཞག་བྱུང་བ་གསལ་བསྒྲགས་གནང་འདུག

ཐེངས་འདིའི་རྩིས་ཞིབ་སྤྱི་ཁྱབ་པའི་འོས་མི་འདེམས་སྒྲུག་སླད་ཆེད་འཛུགས་གནང་བའི་ཚོགས་ཆུང་གི་ཚོགས་མི་གསུམ་ནི། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཟུར་པ་བཀྲས་ཁང་རྣམ་རྒྱལ་རྡོ་རྗེ་ལགས་དང་། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཟུར་པ་འཇམ་དཔལ་ཆོས་བཟང་ལགས། རྩིས་ཞིབ་སྤྱི་ཁྱབ་པ་ཟུར་པ་མགོན་པོ་ཕུན་ཚོགས་ལགས་བཅས་ཡིན་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཅུ་པའི་དོན་ཚན་ (༡༠༧) པའི་ནང་གསེས་དང་པོའི་ཀ་པའི་ནང་དམིགས་བསལ་མི་གསུམ་ལས་གྲུབ་པའི་ཚོགས་ཆུང་གིས་ལྡབ་གཉིས་ལས་མ་ཉུང་བའི་འོས་འཆར་འབུལ་དགོས་གསལ་བ་ལྟར། གཞུང་ཞབས་དྲུང་ཆེ་ཟུར་པ་སྐུ་ཞབས་ཨརྱ་པདྨ་དགྲ་འདུལ་ལགས་དང་། སྐུ་ཞབས་ལྷག་པ་རྒྱལ་མཚན་ལགས་རྣམ་གཉིས་འཆར་འབུལ་ཞུས་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་བཀོད་པ་ལྟར་ན། གཞུང་ཞབས་དྲུང་ཆེ་ཟུར་པ་ཨརྱ་པདྨ་དགྲ་འདུལ་ལགས་ནི། ཕྱི་ལོ་ ༡༩༥༨ ཟླ་ ༥ ཚེས་ ༤ ཉིན་སྐྱིད་གྲོང་དོལ་པོ་ཡུལ་དུ་སྐྱེས་ཡོད་པ་དང་། ཕྱི་ལོ་ ༡༩༧༦ ལོར་གཞི་རིམ་འཛིན་གྲྭ་བཅུ་གཅིག་ཐོན་རྗེས། ཕྱི་ལོ་༡༩༧༩ ལོར་སྦེང་ལོར་མཐོ་སློབ་ནས་ཚོང་རྩིས་ (B.Com) ཐོག་སློབ་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ལོར་སིམ་ལ་ (A.G) ལས་ཁུངས་ནས་དམིགས་བསལ་ཟླ་དྲུག་རིང་རྩིས་སྦྱངས། ཕྱི་ལོ་ ༡༩༨༥ ནས་༡༩༨༦ ལོ་བར་ཅན་རྡི་གྷར་ནས་ཟླ་གསུམ་མཉམ་སྦྲེལ་རྩིས་སྦྱོང་དང་།  ཕྱི་ལོ་ ༡༩༩༢ ལོར་སིམ་ལ་ (National Academy of Audit and Accounts) ནས་ཆེས་མཐོའི་བདུན་གསུམ་ཟབ་སྦྱོང་གནང་ཡོད་འདུག

ཕྱི་ལོ་ ༡༩༨༢ ནས་ ༡༩༩༧ བར་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་ལས་ཁང་དུ་རྒན་དྲུང་ནས་ཟུང་དྲུང་བར་ཞབས་ཕྱི་ཞུས་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ནས་༢༠༠༡ བར་སྨན་རྩིས་ཁང་གི་འགན་འཛིན་གནང་། ཕྱི་ལོ་ ༢༠༠༡ ནས་ ༢༠༠༢ བར་རྩིས་ཞིབ་ལས་ཁང་གི་དྲུང་ཆེ། ཕྱི་ལོ་༢༠༠༢ ནས་ ༢༠༠༤ བར་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་གནང་། ཕྱི་ལོ་༢༠༠༤ ནས་ ༢༠༠༥ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ། ཕྱི་ལོ་ ༢༠༠༧ ནས་ ༢༠༠༧ བར་བཀའ་ཡིག་ངེས་མེད་སྡེ་ཚན་གྱི་དྲུང་ཆེ། ཕྱི་ལོ་ ༢༠༠༧ ནས་ ༢༠༠༨ བར་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་གནང་རྗེས། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༠ ནས་བགྲེས་ཡོལ་སྔ་སྣུར་ཞུས་ཏེ་ད་ལྟ་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་རུ་གནས་སྡོད་གནང་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༠༢

Leave a Reply