ལྡི་ལི་པེ་ཅིན་གཉིས་མཁའ་དབུཊ་འབག་བཙོག་ཆེས་སྡུག་ཤོས་ནང་ལྷུང་འདུག

མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༩༠ ཡིས་མཁའ་དབུགས་བཙོག་པའི་རིགས་རྔུབ་ཀྱི་ཡོད་པ་དང་ཆ་སྙོམ་བྱས་ན་འཛམ་གླིང་གི་མི་ ༡༠ ཡི་ཁྲོད་ནས་མི་༩ མཁའ་དབུགས་འབག་བཙོག་ཅན་རྔུབ་མཁན་ཆགས་ཀྱི་ཡོད་སྐོར་བསྒྲགས་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱིས། ཕྱི་ལོ་༢༠༡༨ ལོའི་འཛམ་གླིང་རྒྱལ་ཁབ་ཁག་ ༡༠༨ ནས་གྲོང་ཁྱེར་ཆེ་ཁག་ ༤༣༠༠ ལྷག་གི་མཁའ་དབུགས་འབག་བཙོག་སྐོར་ལ་ཞིབ་འཇུག་བྱས་ཏེ་སྙན་ཐོ་ཞིག་ཕྱིར་བསྒྲགས་གནང་ཡོད་པ་དང་། སྙན་ཐོ་དེའི་ནང་དུ་འཛམ་གླིང་རྒྱལ་ཁབ་ཁག་ལས་མི་མང་གི་དཔལ་འབྱོར་ཡག་པོ་ཡོད་པའི་གྲོང་ཁྱེར་ཁག་གི་མཁའ་དབུགས་གནས་སྟངས་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་།  མི་མང་གི་དཔལ་འབྱོར་གནས་བབ་སྐྱོ་བའི་རྒྱལ་ཁབ་ཁག་གི་ནང་མཁའ་དབུགས་འབག་བཙོག་གི་གནས་བབ་མུ་མཐུད་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། མཁའ་དབུགས་འབག་བཙོག་གི་རྐྱེན་གྱིས་ལོ་རེར་འཛམ་གླིང་ཡོངས་སུ་མི་གྲངས་ས་ཡ་ ༧ ལྷག་འདས་གྲོངས་སུ་འགྲོ་ཡི་ཡོད་སྐོར་བརྗོད་འདུག

འདི་ལོའི་སྙན་ཐོའི་ནང་མཁའ་དབུགས་འབག་བཙོག་གི་གནས་བབ་ཆེས་སྡུག་ཤོས་དང་ཉེན་ཁ་ཆེ་ཤོས་ཀྱི་གྲོང་ཁྱེར་ལྔ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཆེས་སྡུག་ཤོས་ཨང་དང་པོ་དང་། གཉིས་པ་ཨེ་ཇིབ་ཀྱི་གྲོང་ཁྱེར་ཀེ་རོ(Greater Cairo)དང་ཨང་གསུམ་པ་བྷང་ལ་དྷེ་ཤིའི་རྒྱལ་ས་དྷ་ཁྰ(Dhaka)། ཨང་བཞི་པ་རྒྱ་གར་གྱི་གྲོང་ཁྱེར་མམ་བྷེ་དང་ཨང་ལྔ་པ་རྒྱ་ནག་གི་གྲོང་ཁྱེར་པེ་ཅིན་བཅས་ཡིན་པ་དང་། མཁའ་དབུགས་འབག་བཙོག་ཆེས་ཆུང་བའི་ས་ཆ་དག་ནི་ཡོ་རོབ་དང་ཨ་རི། ཞི་བདེ་རྒྱ་མཚོའི་ནུབ་བརྒྱུད་ཁུལ་གྱི་གྲོང་ཁྱེར་ཁག་ཡིན་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་དམངས་འཕྲོད་བསྟེན་འགན་འཛིན་སྐུ་ཞབས་མྰ་རེ་ནེ་རཱ(Dr. Maria Neira)ཡིས། ང་ཧ་ཅང་འཇིགས་སྣང་སྐྱེས་ཀྱི་འདུག  འཛམ་གླིང་གི་ས་ཁུལ་ཁག་ཅིག་ཏུ་ད་དུང་མཁའ་དབུགས་འབག་བཙོག་གི་གནས་བབ་སྔར་བཞིན་ཉེན་ཁ་ཆེན་པོའི་ངང་བསྡད་ཡོད་པ་དང་། ལྷག་པར་དུ་མི་འབོར་མང་སའི་གྲོང་ཁྱེར་མང་པོའི་མཁའ་དབུགས་འབག་བཙོག་གི་གནས་བབ་འདས་པའི་ལོ་ལྔའི་ཞིབ་འཇུག་ཁྲོད་རང་སོར་གནས་ཡོད་སྟབས། གྲོང་ཁྱེར་དེ་དག་ནང་མཁའ་དབུགས་འབག་བཙོག་གིས་མི་ཤི་བའི་གྲངས་འབོར་སྔར་བཞིན་འཕར་གྱི་ཡོད་པ་དང་། གནད་དོན་འདི་ནི་ད་ལྟའི་ང་ཚོའི་འཛམ་གླིང་ནང་ཆེས་དཀའ་ངལ་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་འདུག

འཕྲོད་བསྟེན་ལྷན་ཚོགས་ཀྱི་སྙན་ཐོའི་ནང་དུ། སྤྱིའི་ཆ་ནས་ནམ་རྒྱུན་འཛམ་གླིང་གི་མཁའ་དབུགས་འབག་བཙོག་ཆེ་བའི་ས་ཁུལ་ནི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ་ཁུལ་གྱི་མི་འབོར་མང་བའི་གྲོང་ཁྱེར་ཁག་ཡིན་པ་དང་།  འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༩༠ ཡིས་མཁའ་དབུགས་བཙོག་པའི་རིགས་རྔུབ་ཀྱི་ཡོད་སྟབས། ཆ་སྙོམས་བྱས་ན་འཛམ་གླིང་གི་མི་ ༡༠ ཡི་ཁྲོད་ནས་མི་༩ མཁའ་དབུགས་འབག་བཙོག་ཅན་རྔུབ་མཁན་ཆགས་ཀྱི་ཡོད་པ་རེད། ཡང་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ནི། མཁའ་དབུགས་འབག་བཙོག་ཤུགས་ཆེན་ཡོད་པའི་གྲོང་ཁྱེར་ཁག་ཅིག་གི་མཁའ་དབུགས་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་དང་། དེ་ནི་ཡུལ་དེ་དག་གི་ཆབ་སྲིད་མི་སྣ་མང་པོའི་མཁའ་དབུགས་གཙང་བཟོའི་གནད་དོན་ཐད་ཤུགས་སྣོན་བྱེད་ཀྱི་ཡོད་པས་ཡིན་སྐོར་བརྗོད་འདུག

མཁའ་དབུགས་འབག་བཙོག་གི་རྐྱེན་གྱིས་ནད་རིགས་འབྱུང་ས་གཙོ་བོ་གློ་བ་ཆགས་ཀྱི་ཡོད་པ་དང་། ལྷག་པར་མི་མང་པོའི་ནད་དེ་གློ་བའི་སྐྲན་ནད་དང་དབུགས་འབྱིན་རྔུབ་དཀའ་བའི་ནད་གཞི་ཆགས་ཀྱི་ཡོད་པ་དང་། གློ་བའི་སྐྲན་ནད་ལྟ་བུར་མཚོན་ན། མཁའ་རླུང་འབག་བཙོག་གིས་ཤུགས་ཆེར་འབྱུང་བཞིན་ཡོད་པ་དང་། སྐྲན་ནད་བྱུང་བ་དང་འཕྲལ་དུ་ནད་གཞི་ངོས་འཛིན་མ་ཐུབ་པ་ཡིན་ན། ནད་ཀྱི་ཁྱབ་ཚད་དང་མགྱོགས་ཚད་ཤུགས་ཆེན་ཡོད་པས་མིའི་ཚེ་སྲོག་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་པ་རེད། དེ་བཞིན་མཁའ་དབུགས་ལ་འབག་བཙོག་ཚབས་ཆེན་བྱུང་བའི་ས་ཁུལ་དུ་སྙིང་གི་ན་ཚ་རིགས་འདྲ་མིན་བྱུང་ནས་འཆི་རྐྱེན་མང་པོ་ཡོང་གི་ཡོད་འདུག

ཕྱི་ལོ་༢༠༡༦ ལོའི་འཛམ་གླིང་གི་མཁའ་དབུགས་ཞིབ་མཇུག་སྙན་ཐོའི་ནང་། འཛམ་གླིང་གི་གྲོང་ཁྱེར་མང་པོའི་ནང་བཟོ་གྲྭ་དང་རླངས་འཁོར་གྱི་དུ་བ། མཁའ་རླུང་ཁྲོད་ཀྱི་རྫས་འགྱུར་དུག་རིགས་ཀྱིས་མི་གྲངས་ས་ཡ་ ༤.༢ དུས་མིན་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དུད་ཁྱིམ་མང་པོའི་ནང་ཟ་མ་བཟོ་བྱེད་དང་ཆུ་སྐོལ་བྱེད། དེ་བཞིན་དྲོད་སྐྱེད་བྱེད་སོགས་ལ་གློག་གི་མཐུན་རྐྱེན་མེད་སྟབས། མི་ཚོས་ཤིང་དང་ལྕི་བ་སོགས་དུ་བ་ཤུགས་ཆེན་ཡོད་པའི་རིགས་ཀྱིས་མེ་བཏང་བའི་རྐྱེན་གྱིས་མི་གྲངས་ས་ཡ་༣.༨ འདས་གྲོངས་སུ་སོང་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༠༢

Leave a Reply