ང་ཤི་ཆོག་ཆོག་ཡིན།

རྒྱ་ནག་གཞུང་གིས་ངེས་མེད་བཀག་སྐྱིལ་འོག་བཞག་སྟེ་ལོ་ངོ་ ༨ ཙམ་འགྲོ་བཞིན་ཡོད་པའི་ལོའུ་ཞཱ་ལགས་ནས་རང་ཤི་བརྒྱབ་སྟེ་ངོ་རྒོལ་བྱ་རྒྱུ་ནི་མོ་རང་ལ་ལས་སླ་ཤོས་ཆགས་ཡོད་སྐོར་བརྗོད་འདུགདེ་རིང་རྒྱལ་སྤྱིའི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དམ་པ་ལོའུ་ཞའོ་པོ་ལགས་ཀྱི་བཟའ་ཟླ་ལོའུ་ཞཱ་ལགས་རྒྱ་ནག་གཞུང་གིས་རང་ཁྱིམ་དུ་བཀག་སྐྱིལ་བྱས་ནས་ལོ་ངོ་ ༨ ཙམ་འགྲོ་ཡི་ཡོད་པ་དང་།  ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་རྩོམ་པ་པོ་ལེའོ་ཡེ་ཝོ(Liao Yiwu)ལགས་ཀྱིས། ཁ་པར་གྱི་ལམ་ནས་གྲོགས་མོ་ལོའུ་ཞཱ་ལགས་དང་ཁ་བརྡ་བྱས་པའི་སྐར་མ་ ༡༦ ཅན་གྱི་སྒྲ་ཞིག་ཡོངས་བསྒྲགས་བྱས་ཡོད་པ་དང་། དེའི་ནང་དུ་ལོའུ་ཞཱ་ལགས་ཀྱིས། ད་ང་སྐྲག་དགོས་ས་གཅིག་ཀྱང་ལྷག་མེད། གལ་ཏེ་ང་མ་གཏང་ན། ང་ཤི་ཡིན། ལིའུ་ཞའོ་པོ་ནི་གྲོངས་ཚར་བ་རེད། ད་ལྟ་འཛམ་གླིང་འདི་རུ་ང་ལ་གཅིག་ཀྱང་ལྷག་མེད། གསོན་པ་ལས་ཤི་ན་སླ་བ་འདུག ང་ལ་མཚོན་ན་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་སྟེ་ངོ་རྒོལ་བྱེད་པ་ལས་ལས་སླ་བ་གཅིག་ཀྱང་མི་འདུག ཅེས་ངུ་ཞོར་དུ་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

ཡང་སྒྲ་དེའི་ནང་། ལོའུ་ཞཱ་ལགས་ཀྱིས་མོ་རང་ཕྱི་རྒྱལ་དུ་འགྲོ་རྒྱུར་གྲ་སྒྲིག་བྱས་ཏེ་ཅ་ལག་སོགས་ཀྱང་རྒྱབ་ཁུག་ནང་ཏུ་བསྡུ་གསོག་བརྒྱབས་ཚར་ཡོད་སྐོར་བརྗོད་ཡོད་པ་དང་། རྩོམ་པ་པོ་ལེའོ་ཡེ་ཝོ་ཡིས་མི་རིང་བར་འཇར་མན་གྱི་སྲིད་འཛིན་ལྕམ་ཨན་ཇི་ལེ་མར་ཁལ་མཆོག་ནས་ལོའུ་ཞཱ་ཡི་སྐད་ཆར་ཉན་རྒྱུ་ཡིན་པ་དང་། ཕྱི་ཕྱོགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་སོགས་ཀྱིས་མོའི་སྐད་ཆ་དེ་དག་གོ་ཐུབ་པའི་རེ་བ་ཤུགས་ཆེན་པོ་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་གཞུང་གིས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དམ་པ་ལོའུ་ཞའོ་པོ་ལགས་འཛིན་བཟུང་བཙོན་འཇུག་བྱས་པ་ནས་བཟུང་། ཁོང་གི་བཟའ་ཟླ་ལོའུ་ཞཱ་ལགས་ཀྱང་རྒྱ་ནག་གཞུང་གིས་རང་ཁྱིམ་དུ་བཀག་སྐྱིལ་བྱས་ཏེ་བཟང་བཙོན་དུ་བཅུག་ཡོད་པ་རེད། ཉེས་མེད་བཀག་སྐྱིལ་འོག་བཞག་སྟེ་ལོ་ངོ་ ༨ ཙམ་ཕྱིན་པའི་རིང་ལོའུ་ཞཱ་ལགས་ཀྱི་ཕ་མ་གཉིས་འདས་གྲོངས་སུ་ཕྱིན་ཡོད་པ་དང། མོ་རང་ཡང་སྙིང་ནད་ཀྱིས་ཐེངས་གཉིས་ཙམ་ལ་སྨན་ཁང་དུ་ཕྱིན་དགོས་བྱུང་ཡོད་འདུག ན་ནིང་ཕྱི་ཟླ་ ༦ པའི་ནང་ལོའུ་ཞའོ་པོ་ལགས་ལ་བཅོས་དཀའ་བའི་མཆིན་པའི་སྐྲན་ནད་ཕོག་ཡོད་པའི་གནས་ཚུལ་གློ་བུར་དུ་ཕྱིར་བསྒྲགས་བྱས་ཏེ། བཟའ་ཟླ་ལོའུ་ཞཱ་ལགས་སྨན་ཁང་དུ་ཕྱིན་ནས་ཁོང་ལ་ནད་གཡོག་བྱེད་པའི་ཆེས་མཐའ་མཇུག་གི་གོ་སྐབས་ཐོབ་ཡོད་ཀྱང་། ཡུན་རིང་མ་འགོར་བར་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ལོའུ་ཞའོ་པོ་ལགས་སྐུ་གྲོངས་ཡོད་པ་རེད།

ལོའུ་ཞའོ་པོ་ལགས་འདས་གྲོངས་སུ་ཕྱིན་རྗེས། ལོའུ་ཞཱ་ལགས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོང་མིན་ཐད་མི་མང་པོས་སེམས་ཁྲལ་བྱས་པ་མ་ཟད། ཨ་རི་དང་འཇར་མན་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་དང་གནད་ཡོད་མི་སྣ་མང་པོས་ལྕམ་ལོའུ་ཞཱ་ལགས་ནི་ཉམ་ཆུང་བའི་སྙན་ངག་པ་ཞིག་དང་རི་མོ་བ་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་ནག་ཉེས་གང་ཡང་མེད་སྟབས། མོ་ཀློད་གྲོལ་གྱིས་རང་དབང་སྤྲོད་དགོས་པའི་འབོད་སྐུལ་རིམ་པར་ཞུས་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གཞུང་གིས་ནར་འགྱངས་ཁོ་ན་བྱས་ཏེ་མུ་མཐུད་བཀག་སྐྱིལ་འོག་བཞག་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༨/༠༥/༠༣

Leave a Reply