བོད་དང་ཨུ་རུ་སུའི་ནང་ཆོས་ཚན་རིག་བགྲོ་གླེང་ཐེངས་གཉིས་པ་དབུ་འཛུཊ་གནང་།

༧གོང་ས་མཆོག་ནས་ང་ཚོ་དང་ཁོ་པ་ཚོ་ཞེས་ཕྱོགས་དང་རིས་སུ་བཅད་པར་བརྟེན་དམག་འཁྲུག་སོགས་ཀྱིས་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་པས་གོ་ལ་གཅིག་གྱུར་གྱི་དངོས་ཡོད་གནས་སྟངས་གོ་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨུ་རུ་སུའི་དོན་གཅོད་ཁང་དང་བོད་སྐྱོབ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཨུ་རུ་སུའི་ཚན་རིག་མཁས་དབང་རྣམ་པ་དང་ནང་པའི་མཁས་དབང་ཁག་གི་བར་འཇིག་རྟེན་གྱི་ཁམས་ལ་དཔྱད་པ་ཞེས་པའི་བགྲོ་གླེང་ཐེངས་ ༢ པ་དབུ་འཛུགས་ཀྱིས་ཉིན་གཉིས་རིང་འཚོགས་བཞིན་ཡོད་པ་དང་། བགྲོ་གླེང་ནང་ཨུ་རུ་སུའི་མི་ ༤༩ དང་། བོད་ཀྱི་ནང་པའི་མཁས་དབང་ཁག་ཅིག དེ་བཞིན། སྨན་རྩིས་ཁང་དང་ས་རཱ་མཐོ་སློབ། བོད་ཁྱིམ་བཅས་ཀྱི་སློབ་མ་ཁག་ཅིག་དང་བཞུགས་སྒར་ཁུལ་གྱི་སྐྱ་སེར་ཕོ་མོ་བཅས་འཛོམས་འདུག

མཛད་སྒོ་དབུ་འཛུགས་ཐོག་༧གོང་ས་མཆོག་ནས་འཚམས་འདྲི་དང་སྦྲགས་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་རེད། དེང་སྐབས་འཛམ་གླིང་ནང་བྱམས་པ་དང་དྲང་བདེན་གྱིས་ཕོངས་ཏེ་དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་རེད། ཚན་རིག་པ་ཁག་གཅིག་གིས་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ལྡན་པ་རེད། ཅེས་རྗོད་བཞིན་ཡོད་ཀྱང་རྙོག་དྲ་མང་པོ་ཞིག་ང་ཚོ་མིས་བཟོས་པ་ཆགས་ཡོད། འཛམ་གླིང་ཤར་ནུབ་ལྷོ་བྱང་ཚང་མ་གཅིག་གིས་གཅིག་ལ་བརྟེན་ནས་གནས་ཡོད། ང་ཚོ་འདིར་ཞི་བདེ་བག་ཕེབས་ངང་གནས་བཞིན་ཡོད་ཀྱང་འཛམ་གླིང་ས་ཕྱོགས་གཞན་དུ། དཔེར་ན། ཡེ་མེན་(Yemen)དང་། སི་རེ་ཡ་(Syria) དེ་བཞིན་གླིང་ཆེན་ཨ་ཧྥེ་རི་ཁ་སོགས་ཀྱི་ནང་ཕན་ཚུན་གསོད་རེས་དང་། བྱིས་པ་ཆུང་ཆུང་གཙོ་བོར་གྱུར་པའི་མུ་གེ་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་དབང་གིས་འདས་གྲོངས་སུ་འགྲོ་ཡི་ཡོད། ལྷག་པར་དུ་ཆོས་ཀྱི་མིང་ཐོག་ནས་མི་ཕན་ཚུན་གསོད་རེས་བྱེད་བཞིན་པ་འདི་ཧ་ཅང་ཐབས་རྡུགས་རེད།

ཆོས་ལུགས་མང་ཆེ་བ་ཚང་མས་བྱམས་པ་དང་བརྩེ་བ་སོགས་ཀྱི་བསླབ་བྱ་གསུང་བཞིན་ཡོད། ང་ཚོ་དང་ཁོ་པ་ཚོ་ཞེས་ཕྱོགས་དང་རིས་སུ་བཅད་པར་བརྟེན་དམག་འཁྲུག་སོགས་ཀྱིས་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད། དེར་བརྟེན་གོ་ལ་གཅིག་གྱུར་གྱི་དངོས་ཡོད་གནས་སྟངས་སྐོར་ལ་གོ་རྟོགས་དང་ཤེས་ཡོན་སྤྲོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་འདུག དེང་སྐབས་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་མཐུན་རྐྱེན་ཁྲ་ཁྲ་ཟིང་ཟིང་དེ་དག་ལས་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས་སོགས་བཟང་པོའི་རིན་ཐང་སོགས་ཀྱིས་འཕོང་བཞིན་ཡོད། ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད་དུས་རྟག་ཏུ་ཞེ་སྡང་དང་། ང་རྒྱལ། འཇིགས་སྣང་འོག་གནས་པ་ཡིན་ན་ལུས་པོའི་ནང་ནད་རིགས་སྔོན་འགོག་བྱེད་མཁན་ལུས་ཟུངས་མ་ལག་(Immune Systems) ཉམས་རྒུད་དུ་ཕྱིན་ནས་ལུས་པོ་རང་བཞིན་གྱིས་ཉམས་འགྲོ་བ་དང་། ལུས་ན་ཚ་ཕོག་སླ་པོ་ཆགས་ཀྱི་ཡོད་པ་ཤོད་ཀྱི་འདུག དེ་ལས་ལྡོག་སྟེ་གལ་སྲིད། གཞན་ལ་བྱམས་བརྩེ་སྤེལ་བ་ཡིན་ན་སྙིང་སྟོབས་འཕེལ་ཞིང་སེམས་ནང་ཞི་བདེ་བསླེབ་རྒྱུ་དང་། དེ་ལ་བརྟེན་ནས་ལུས་པོའི་འཕྲོད་བསྟེན་ཡང་བདེ་ཐང་ཡོང་ཐུབ་ཀྱི་ཡོད། ང་ཚོས་འཕྲོད་བསྟེན་བྱས་པ་ལྟར་བསམ་བློར་ཡང་འཕྲོད་བསྟེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་སོང་།

ཡང་ཁོང་གིས། ངོས་ཀྱིས་ལོ་ངོ་ ༣༠ ལྷག་རིང་དེང་དུས་ཀྱི་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་བྱས་པ་ཡིན། དེང་སྐབས་ཚན་རིག་པ་ཚོས་འཇིག་རྟེན་ཁམས་ཀྱི་རིག་པ་(Cosmology)དང་། གས་ཐོར་ཆེན་པོའི་ལྟ་གྲུབ་(Big Bang Theory) སོགས་ནི་ང་ཚོ་ནང་པའི་གཞུང་ནས་ཀྱང་གསུངས་ཡོད། དེ་བཞིན་དབང་རྩ་དང་། ཀླད་པ། བློའི་བྱེད་ལས་ཀྱི་རྣམ་གཞག དངོས་ཁམས་རིག་པའི་རྣམ་གཞག་(Quantum Physics) རྣམས་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་སོགས་ནང་པའི་གཞུང་ནང་གསུངས་ཡོད།   བློའི་རྣམ་གཞག་དང་འབྲེལ་བའི་ནང་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ཧ་ཅང་གི་ཚད་མཐོན་པོར་སོན་ཡོད།

ལོ་ངོ་སུམ་ཅུ་ལྷག་གི་རིང་དེང་གི་ཚན་རིག་པ་དང་ལྷན་དུ་འཇིག་རྟེན་ཆགས་འཇིག་གི་སྐོར་དང་། དངོས་ཁམས་རིག་པ། དབང་རྩའི་ཚན་རིག སེམས་ཁམས་རིག་པ་བཅས་སྡེ་ཚན་བཞིའི་སྐོར་གོ་བསྡུར་བྱས་པ་ཡིན། རྒྱ་གར་རྡུལ་ཕྲན་དངོས་ཁམས་རིག་པའི་ཚན་རིག་པ་སྐུ་ཞབས་རཱ་ཇ་ར་མ་ན་(Raja Ramana)ལགས་ཞུ་བ་ཁོང་གིས། ཐེངས་ཤིག་ངོས་ལ་དངོས་ཁམས་རིག་པའི་རྣམ་གཞག་ནི་ནུབ་ཕྱོགས་སུ་དེང་སྐབས་རྣམ་གཞག་གསར་པ་ལྟ་བུར་བརྩི་བཞིན་ཡོད་ཀྱང་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གོང་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུང་ཟིན་སྐོར་བརྗོད་བྱུང་། ཞེས་གསུངས་སོང་།

འདི་གའི་གསར་འགོད་པས་ཏེ་ལོ་རིན་པོ་ཆེ་མཆོག་ལ་བགྲོ་གླེང་གི་དགོས་དམིགས་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས། སྤྱིར་བཏང་ནང་པ་དང་ཚན་རིག་པའི་བར་འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་བགྲོ་གླེང་བྱས་ཡོད་པར་བརྟེན་ད་རེས་གསར་པ་དེ་འདྲ་མ་རེད། འོན་ཀྱང་། ན་ནིང་ནས་བཟུང་ང་ཚོའི་གོ་སྒྲིག་འོག་བགྲོ་གླེང་ཐེངས་དང་པོ་དེ་ཚོགས་ཐུབ་ཡོད་པ་དང་། ད་རེས་ཨུ་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་དབང་བར་བགྲོ་གླེང་བྱས་པ་ཐེངས་གཉིས་པ་དེ་ཆགས་ཡོད་པས་གསར་པ་རེད་ལབ་ན་འགྲིག་གི་ཡོད་པ་རེད།

བགྲོ་གླེང་ཐེངས་གཉིས་པ་དེ་རིང་འདིར་བཞུགས་སྒར་དྷ་རམ་ས་ལར་ཚོགས་ཐུབ་པའི་སྐལ་བ་བཟང་པོ་བྱུང་། ང་ཚོ་ཕན་ཚུན་བར་རིག་གཞུང་དང་ལྟ་གྲུབ། ཚན་རིག་སོགས་མི་འདྲ་བ་མང་པོ་ཞིག་ཡོད་པ་དང་། དེ་རིང་འདིར་ཆེད་དུ་ཨུ་རུ་སུའི་ཚན་རིག་པ་མང་པོ་ཞིག་ནང་པའི་ལྟ་གྲུབ་མཁྱེན་རྟོགས་ཡོང་སླད་ཕེབས་ཡོད། དེར་བརྟེན། བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་ནི་ང་ཚོ་ཕན་ཚུན་བར་ཤེས་ཡོན་ཡར་རྒྱས་གཏོང་ཆེད་ཡིན་ལ། མ་འོངས་པར་ང་ཚོ་ཟུང་འབྲེལ་ཐོག་མ་ཚང་བ་དང་མ་སྙོབ་པ་གང་ཡོད་པ་སོགས་ཀྱི་ཐོག་མཉམ་མྱོང་གསར་པ་ཞིག་རག་ཆེད་བཅས་ཡིན། ཞེས་བརྗོད་སོང་།

ཡང་ཐེངས་འདིའི་བགྲོ་གླེང་ཐོག་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་དཔེ་དེབ་ལས་འཇིག་རྟེན་གྱི་ཁམས་ལ་དཔྱད་པ་ཞེས་པ་བརྗོད་གཞིར་འདེབས་དགོས་དོན་ག་རེ་ཡིན་སྐོར་ལ་ཁོང་གིས། རྩ་བའི་༧གོང་ས་མཆོག་གིས་དབྱིན་ཡིག་ནང་བརྩམས་གནང་བའི་གསུང་དེབ་མང་པོ་ཡོད་ཀྱང་། ཨུ་རུ་སུའི་སྐད་ནང་ཡིག་སྒྱུར་ཆ་ཚང་བྱས་ཡོད་པ་དེབ་འདི་ཁོ་ན་ཡིན་པ་མ་ཟད། ད་རེས་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཚན་རིག་པ་མང་ཆེ་བས་དཔེ་དེབ་འདི་ཀློག་མྱོང་ཡོད་པར་བརྟེན། མང་མོས་ཐོག་རེ་སྐུལ་ཞུས་དོན་བཞིན་ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞིར་བདམས་པ་ཡིན། ཞེས་གསུངས་བྱུང་།

ཐེངས་འདིའི་བགྲོ་གླེང་གི་ཉིན་དང་པོའི་སྔ་དྲོར་ཨུ་རུ་སུའི་ཚན་རིག་མཁས་དབང་རྣམས་གྱིས་༧གོང་ས་མཆོག་དབུ་བཞུགས་ཐོག་ནང་པའི་ལྟ་གྲུབ་སྐོར་ལ་བགྲོ་གླེང་དང་། ཉིན་རྒྱབ་ནས་ནང་པའི་མཁས་དབང་ཁག་དང་ལྷན་དུ་བོད་ཀྱི་དགོན་སྡེ་ཁག་གི་སློབ་གསོའི་ལམ་ལུགས་གཙོས་ནང་པའི་གཞུང་ཐོག་ཕན་ཚུན་བར་བགྲོ་གླེང་གནང་གི་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༥/༠༣

Leave a Reply

One thought on “བོད་དང་ཨུ་རུ་སུའི་ནང་ཆོས་ཚན་རིག་བགྲོ་གླེང་ཐེངས་གཉིས་པ་དབུ་འཛུཊ་གནང་།