སཱ་ཆིན་ཏེན་ཌུལ་ཁར་གྱིས་མཇལ་ཁ་ཞུས། 

རྒྱ་གར་གྱི་དབྱུག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་སཱ་ཆིན་ཏེན་ཌུལ་ཁར་བཞུགས་སྒར་དྷ་རམ་ས་ལར་བཅར་ཏེ་གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་རེད།

རྒྱ་གར་གྱི་དབྱུག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་སཱ་ཆིན་ཏེན་ཌུལ་ཁར་(Sachin Tendulkar)ལགས་ཧི་མ་ཅལ་ནང་ཉིན་འགར་གཟིགས་སྐོར་དུ་འབྱོར་ཡོད་པ་དང་བསྟུན། ཁ་སང་བཞུགས་སྒར་དྷ་རམ་ས་ལའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། ཕོ་བྲང་ཕྱི་རུ་བསླེབས་སྐབས་གསར་འགོད་པ་ཚོར་ཁོང་གིས། ད་རེས་ཀྱི་མཇལ་འཕྲད་འདི་ཁྱད་དུ་འཕགས་པ་ཞིག་རེད། ཧ་ཅང་ཡག་པོ་བྱུང་སོང་། ང་རྒྱུན་དུ་འདིར་ཡོང་སྟེ་ཁོང་གི་བྱིན་རླབས་ཞུས་ནས་ཁོང་ལ་འཚམས་འདྲི་དང་ལྷན་དུ་དུས་ཚོད་ཏོག་ཙམ་གཏོང་འདོད་ཡོད། ངེད་གཉིས་ཀྱིས་བདེ་སྐྱིད་ཁྱབ་སྤེལ་དང་སྤྱི་ཚོགས་ནང་ཁུལ་འཚེ་བ་མེད་པ་ཡོང་ཐབས་ཀྱི་སྐོར་ལ་བཀའ་མོལ་ཞུས་པ་ཡིན། ཞེས་བརྗོད་འདུག

 སཱ་ཆིན་ཏེན་ཌུལ་ཁར་ལགས་ནི། ཕྱི་ལོ་ ༡༩༧༣ ཟླ་༤ པའི་ཚེས་༢༤ ཉིན་མུམ་བྷའེ་རུ་སྐྱེས་ཤིང་། རང་ལོ་ ༡༡ ཐོག་ནས་བཟུང་དབྱུག་རྩེད་སྤོ་ལོར་སྦྱོང་བརྡར་བྱས་ཡོད་པ་དང་། ལོ་ ༡༦ ཐོག་པ་ཀི་སི་ཐན་གྱི་གྲོང་ཁྱེར་ཀོ་ཆི་ནང་བསྡུས་པའི་དབྱུག་རྩེད་འགྲན་སྡུར་ནང་ཐོག་མར་ཞུགས་ཡོད་པ་དང་། དེའི་རྗེས་མུམ་བྷེ་ཡི་རུ་ཁག་དང་རྒྱ་གར་རྒྱལ་ཡོངས་ཀྱི་དབྱུག་རྩེད་རུ་ཁག་གི་རྩེད་འགྲན་པ་དང་རུ་དཔོན་བྱས་ཏེ། རིམ་གྱིས་ཁོང་རྒྱ་གར་ནང་ཙམ་མ་ཟད་འཛམ་གླིང་ནང་སྙན་གྲགས་ཤིན་ཏུ་ཆེ་བའི་དབྱུགརྩེད་སྤོ་ལོ་རྩེད་འགྲན་པ་ཞིག་ཏུ་གྱུར་ཡོད་པ་རེད།

ཕྱིས་སུ་ཁོང་འཛམ་གླིང་ཐོག་དབྱུག་རྩེད་ཀྱི་ཐོབ་སྐར་གྲངས་མང་ཤོས་ཆགས་ཏེ། མི་རྣམས་ཀྱིས་ཁོང་ལ་དབྱུག་རྩེད་སྤོ་ལོའི་དཀོན་མཆོག་ཅེས་འབོད་ཀྱི་ཡོད་འདུག རྒྱལ་སྤྱིའི་དབྱུག་རྩེད་འགྲན་སྡུར་ཁྲོད་ཁོང་ནི་ད་བར་རྒྱལ་སྤྱིའི་ཉིན་གཅིག་རྩེད་འགྲན་(IOD)ཐེངས་གཅིག་ལ་དབྱུག་རྒྱུག(RUN)ཉིས་བརྒྱ་བརྒལ་མཁན་ཆེས་ཐོག་མ་དང་། རྒྱལ་སྤྱིའི་དུས་ངེས་མེད་རྩེད་འགྲན་(TEST MATCH) ཐེངས་གཅིག་ལ་དབྱུག་རྒྱུག་བརྒྱ་བརྒལ་མཁན་ཆེས་ཐོག་མ་དེའང་ཡིན་འདུག

ཕྱི་ལོ་༢༠༡༢ ནས་རིམ་བཞིན་ཁོང་གིས་དབྱུག་རྩེད་སྤོ་ལོའི་རུ་ཁག་དག་ནས་རྒས་ཡོལ་ཞུས་མགོ་བཙུགས་ཡོད་པ་དང་། ཁོང་གི་ཆེས་མཐའ་མའི་རྩེད་འགྲན་ནི། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་༡༦ ཉིན་བསྡུས་པའི་ཝེསེ་ཨིན་ཌི(WEST INDIES) རྩེད་འགྲན་ཡིན་པ་དང་། དེའི་བར་དུ་ཁོང་རྒྱལ་སྤྱིའི་རྩེད་འགྲན་ཐེངས་༦༦༤ རྩེས་ཡོད་པ་ལས་དབྱུག་རྒྱུག་གྲངས་༣༤༣༥༧ བླངས་ཏེ་གཟི་བརྗིད་དང་ལྡན་པའི་ཐོག་ནས་རྒན་ཡོལ་ཞུས། ཕྱིས་སུ་ཁོང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ཚོགས་མི་རུ་འདེམས་ཐོན་བྱུང་ཡོད་པ་དང་། གྲོས་ཚོགས་སུ་ཕྱག་ལས་གནང་རིང་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ལ་འབད་བརྩོན་ཆེན་པོ་བྱས་ཡོད་འདུག

དབྱུག་རྩེད་འགྲན་སྡུར་རིམ་པའི་ཁྲོད་ཁོང་ལ་བྱ་དགའ་ཧ་ཅང་མང་པོ་ཐོབ་ཡོད་པའི་གྲས་ནས་མཐོ་ཤོས་ཁག་ཅིག་ནི། ཕྱི་ལོ་ ༡༩༩༤ ལོར་ཨར་རྗུ་ནཱ་གཟེངས་རྟགས་(ARJUNA AWARD) དང་༡༩༩༧ ལོར་ར་ཇི་ཝི་གྷན་དྷེིའི་རཊ་ཎཱ་ཞེས་པའི་རྩེད་རིགས་བྱ་དགའ་མཐོ་ཤོས་ཐོབ། དེ་ནས་ཕྱི་ལོ་ ༡༩༩༩་ལོེར་པདྨ་ཤྲཱིརི་(PADMA SHRI)ཞེས་པའི་རྒྱ་གར་གཞུང་གི་གཟེངས་རྟགས་མཐོ་ཤོས་བཞི་པ། དེའི་རྗེས་༢༠༠༨ ལོར་རྒྱ་གར་གཟེངས་རྟགས་ཆེ་ཤོས་གཉིས་པ་པདྨ་ཝི་བྷུ་ཤན(PADMA VIBHUSHAN)བཅས་ཐོབ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༤ ཟླ་ ༢ པའི་ནང་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་རཊ་རཊ་ནཱ་(BHARAT RATNA)ཕུལ་ཡོད་པ་དང་། ཁོང་ནི་གཟེངས་རྟགས་དེ་ཐོབ་མཁན་དགུང་ལོ་ཆུང་ཤོས་ཆགས་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༥/༠༥

Leave a Reply