རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ནི་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་དང་ཆུ་གསོག་ས་ཁུལ་དུ་ངོས་འཛིན་གྱིས་གཏེར་ལས་བཟོ་གྲྭ་མང་པོ་ཞིག་སྒོ་རྒྱག་གི་ཡིན་ཞེས་བསྒྲགས་འདུག
ཟླ་འདིའི་ཕྱི་ཚེས་༥ ཉིན་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་མཚོ་སྔོན་ཁུལ་དུ་དེ་སྔ་ནས་ལག་ཁྱེར་སྤྲད་དེ་གཏེར་ལས་བྱེད་ཆོག་པའི་དབང་ཆ་ཡོད་མཁན་ཁྱོན་གཏེར་ལས་བཟོ་གྲྭ་ ༥༦ ཡོད་པ་དང་། གཏེར་ལས་བཟོ་གྲྭ་དེ་དག་ལས་མདོ་ལ་རི་བོའི་གཏེར་ལས་བཟོ་གྲྭ་ ༢༠ དང་། གཙང་གསུམ་ཆུ་མགོའི་གཏེར་ལས་བཟོ་གྲྭ་ ༢༩ ། ཚ་འདམ་ནགས་ཚལ་ཁུལ་གྱི་གཏེར་ལས་བཟོ་གྲྭ་ ༣། གཞན་ཡང་། རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་ཁུལ་དང་རྫོང་རིམ་པ་ཟེར་བ་ནས་ལག་ཁྱེར་སྤྲད་པའི་གཏེར་ལས་བཟོ་གྲྭ་ ༣ སོགས་ཁྱོན་གཏེར་ལས་བཟོ་གྲྭ་ ༥༤ མེད་པ་བཟོ་རྒྱུ་ཡིན་འདུག
རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ནང་། རྒྱ་ནག་གི་ཆུ་གསོག་མཐོ་སྒང་ས་ཁུལ་དུ་འབོད་པའི་མཚོ་སྔོན་ཞིང་ཆེན་ནི་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པས་སྣོད་བཅུད་གནས་བབ་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་། སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་གྱི་ཁྲིམས་སྒྲིག་དོན་འཁྱོལ་ཡོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཏེར་ལས་ཁྲིམས་བཞིན་གོ་རིམ་དང་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱ་རྒྱུར་སྐུལ་འདེད་དང་། གཏེར་ལས་ཐོན་ཁུངས་ཀྱི་ལས་དོན་གོ་རིམ་ཚད་ལྡན་དུ་གཏོང་རྒྱུ་ཡིན་སྐོར་བསྒྲགས་འདུག
རྒྱ་ནག་གཞུང་གིས་ལོ་འགའི་གོང་ནས་བཟུང་རང་བྱུང་སྲུང་སྐྱོབ་ཀྱི་བྱ་བར་ཤུགས་སྣོན་ཆེན་པོ་དགོས་པའི་དྲིལ་བསྒྲགས་ཀྱི་ཚ་རླབས་རྒྱལ་ཡོངས་སུ་འཕྱུར་བ་བྱས་ཏེ། གཏེར་ལས་བཟོ་གྲྭ་ཁག་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། ས་ཁུལ་མང་པོ་ཞིག་ལ་གཏེར་ལས་བཟོ་གྲྭ་མང་པོ་ཞིག་སྒོ་བརྒྱབས་ཡོད་ཚུལ་ཕྱིར་བསྒྲགས་བྱས་ཡོད་ན་ཡང་། དོན་དངོས་སུ་བོད་ཁུལ་དུ་གཏེར་ལས་ཁང་མང་པོ་ཞིག་སྒོ་བརྒྱབ་པ་མ་ཡིན་པར་གཏེར་ལས་བཟོ་གྲྭ་ཁག་མང་པོ་ཞིག་མཉམ་གཅིག་ཏུ་སྒྲིལ་ནས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད།
འདི་ལོ་ཕྱི་ཟླ་ ༣ ནང་མཚོ་སྔོན་ཞིང་ཆེན་རྒྱལ་དབང་ས་ཞིང་ཐོན་ཁུངས་ཀྱི་དམར་ཤོག་དྲུང་ཆེ་དབྱང་རུའུ་ཁུན་ཟེར་བ་ཞིག་གིས། ཕྱི་ལོ་ ༢༠༡༨ ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁྲའར་ཧན་ཅཱ་ཚྭ་དང་། ཚྭ་འདམ་གཞོང་གི་སྣུམ་རླངས་ཐོན་ཁུངས། གསེར་ཆེན་དང་ཁྲི་ཀའི་གཞོང་སའི་ས་ཚན་ཐོན་ཁུངས། དབྱི་ལི་ཕིན་དང་ཏུང་ཐའེ་ཡི་ལིས་གཏེར་ཁུངས་སོགས་རྒྱལ་ཁབ་ཀྱི་གལ་ཆེན་རིམ་པའི་ཐོན་ཁུངས་ཆེ་ཤོས་འཛུགས་གཉེར་གྱི་འཐབ་ཇུས་མགྱོགས་པོར་ལག་བསྟར་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་རྒྱལ་དབང་ས་ཞིང་ཐོན་ཁུངས་ཁང་གིས་སྡོམ་རྩིས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ནང་རྒྱ་སྒོར་དུང་ཕྱུར་ ༡༠༤.༥༦ ཡོད་པའི་གཏེར་ཁུངས་ཀྱི་རིན་ཐང་ཁྲོད་དུ། བ་ཚྭ་དང་ཟེ་ཚྭ། ལིས་གཏེར། ཅཱ་ཚྭ། རྨེ་ཚྭ་སོགས་ཚྭ་མཚེའུ་ཡི་གཏེར་ཁུངས་རིགས་ ༡༡ ལ་མི་མངོན་རིན་ཐང་ཁྱོན་རྒྱ་སྒོར་དུང་ཕྱུར་ ༩༩.༡༥ ཡོད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་གཏེར་ཁུངས་ཀྱི་མི་མངོན་སྤྱིའི་རིན་ཐང་གི་བརྒྱ་ཆ་ ༩༤.༨༣ ཟིན་ཡོད་འདུག
ལོ་སྔོན་མར་འདི་གའི་གསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོང་ཡུག་ཚན་པའི་འགན་འཛིན་ཛམ་བྷ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ། རྒྱ་ནག་གཞུང་གིས་བོད་གཏེར་ཁ་འབོར་ཆེན་སྔོག་བཞིན་ཡོད་པའི་སྐོར་ལ་བཅར་འདྲི་བྱེད་སྐབས་ཁོང་གིས། བོད་ནང་གི་གཏེར་རིགས་སྔོག་འདོན་གཙོ་བོ་དེ་ཟངས་ཆགས་ཡོད་པ་དང་། བོད་མཐོ་སྒང་དུ་ཟངས་འབེལ་པོ་དང་ཟངས་ཡག་པོ་ཞེ་དྲགས་ཡོད་པ་རེད། དཔེར་ན་ལྷ་སའི་ཐག་ཉེར་རྒྱ་ནག་གཏེར་ཚིགས་དང་། ཆབ་མདོར་གཡུ་ལུང་གཏེར་ཚིགས། གཞིས་ཀ་རྩེ་བཞད་མཐོང་སྨོན་གཏེར་ཚིགས་སོགས་སུ་ཟངས་རང་འདོན་གྱི་ཡོད་པ་དང་། ཞོར་དུ་གཏེར་རིགས་གཞན་མང་པོ་རང་བཞིན་གྱིས་ཐོན་ཡོང་གི་ཡོད་པ་རེད། ད་ལྟའི་ཆར་བོད་ནང་ལོགས་ནས་རྡོ་སོལ་དང་གཏེར་ཁ་མང་པོ་སྔོག་འདོན་བྱེད་ས་རྒྱ་ཆེ་ཤོས་དང་དུས་ཡུན་རིང་ཤོས་དེ་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་ཆགས་ཡོད་པ་རེད། ཀན་སུའུ་དེ་རྡོ་སོལ་གཏེར་ཁ་འབེལ་ཤོས་ཡིན་པའི་སྐད་གྲགས་ཡོད་པ་རེད། དེ་ནས་བོད་རང་སྐྱོང་ལྗོངས་ཀྱི་ནང་གཏེར་ཚིགས་མང་པོ་ཡོད་པ་རེད། སི་ཁྲོན་གྱི་ནང་དེ་ཙམ་གྱིས་མང་པོ་མེད་པ་འདྲ་པོ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། སངས་རྒྱས་དཀོན་མཆོག
སྔོན་སྐལ་བ་ཡ་ཐོག་སྐལ་ལྡན་སྐྱེ་བུ་ཚོའི་།
སྐྱེ་འགྲོ་བདེ་བའི་གཏེར་གྱི་ས་བོན་བཏབ་།
དུས་ངན་སྙིགས་མ་འཆར་བའི་སྔ་ལྟས་སུ་།
ས་བཅུད་གཏེར་ཡང་རང་གི་ལྟོ་གོས་སྒྲུབས་།