སྤྲུལ་སྐུའི་གཞིས་ཆཊ་སྲ་བརྟན་དང་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ།

རྒྱ་གར་ཤར་ཕྱོགས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་གྲོང་གསུམ་པར་སྐྱེས་ཤིང་། ཨ་རིའི་ནེའུ་ཡོག་ནང་གནས་སྡོད་བྱེད་བཞིན་ཡོད་པའི་རྫ་ཀཿཐོག་སྤྲུལ་སྐུའམ་ཡུལ་མིས་སྤྲུལ་སྐུ་ཞེས་ཞུ་བ་ཁོང་རང་གི་གུང་གསེང་དང་བསྟུན་ཕྱིར་གཞིས་གྲོང་ནང་ལོག་སྟེ། ས་གནས་རྒྱ་གར་བ་དང་བོད་མིའི་བར་མཐུན་སྒྲིལ་ཡར་སྐུལ་དང་། བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ངོ་ ༦༠ ཙམ་རིང་རྒྱ་གར་གཞུང་དམངས་གཉིས་ནས་དམིགས་བསལ་སྐུ་མགྲོན་ཞིག་གི་ངོ་བོའི་ཐོག་ནས་གཟིགས་སྐྱོང་རོགས་མགོན་གནང་བར་བཀའ་དྲིན་རྗེས་དྲན་ཞུ་ཆེད། རྒྱ་གར་ཡུལ་མི་ཉམ་ཐག་དྭ་ཕྲུག་མང་པོར་སློབ་ཡོན་དང་སྨན་བཅོས་ཐད་ནས་རོགས་རམ་དང་། གཞིས་གྲོང་གཙོས་ཉེ་འཁོར་རྒྱ་གར་གྲོང་གསེབ་ཁུལ་དུ་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་བཞིན་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སྤྲུལ་སྐུ་ལགས་སུ་ཁོང་གི་སྤྱི་ཕན་ལས་འགུལ་སྐོར་ལ་སྐད་ཆ་འདྲི་སྐབས། བཙན་བྱོལ་བོད་མི་རྣམས་རྒྱ་གར་ལ་བསླེབས་ནས་ལོ་ ༦༠ ཙམ་འགྲོ་ཡི་ཡོད་པ་དང་བསྟུན། རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་དང་ཡུལ་མི་བར་མཐུན་ལམ་ཡུན་རིང་གནས་ཐུབ་ཆེད་ཤེས་ཡོན་གལ་ཆེན་ཏུ་མཐོང་སྟེ། གཞིས་ཆགས་ནང་ཡོད་པའི་ཡུལ་མི་ཉམ་ཐག་ ༢༠ ཙམ་ལ་སློབ་ཡོན་ཐོག་སྦྱིན་བདག་བྱས་ནས་ལོ་བཞི་ཙམ་ཕྱིན་ཡོད་པ་དང་། སློབ་ཕྲུག་དེ་ཚོ་བོད་སློབ་འཛིན་སྐྱོང་སློབ་གྲྭ་(CST)ནང་གཏོང་བཞིན་ཡོད་འདུག  དེ་བཞིན། ཡུལ་མི་བདག་མེད་ནད་པ་དེ་ཚོ་བདག་མེད་ཡིན་མིན་རྩད་གཅོད་ཡག་པོ་བྱས་རྗེས། གཞིས་གྲོང་ནས་དུས་ཚོད་གཉིས་ཙམ་གྱི་སར་ཡོད་པའི་བྷེ་རམ་པུར་(Behrampur)སྨན་ཁང་དུ་གཤག་བཅོས་སྨན་བསྟེན་གྱི་རོགས་རམ་བྱས་ཡོད་པ་དང་། ལས་གཞི་དེའི་འོག་ད་ལྟ་བར་དུ་ཁྲག་སྐྱོ་བོ་ཡིན་པའི་མི་ ༢ དང་། མཁལ་མ་ནད་པ་གཅིག རྐང་པ་ཆག་པ་གཅིག ལོ་བཅུ་གཉིས་ཅན་གྱི་བུ་ཁ་ཤོ་བ་གཅིག་བཅས་ཁྱོན་ནད་པ་ ༥ ལ་གཤག་བཅོས་བྱས་ཏེ་དྲག་སྐྱེད་ཡག་པོ་བྱུང་ཡོད་སྐོར་བརྗོད་བྱུང་།

མི་སྒེར་ཞིག་གི་ངོས་ནས་སྤྱི་ཕན་གྱི་ལས་འགུལ་འདི་འདྲ་སྤེལ་བའི་ཀུན་སློང་ཅི་ལྟར་བསླེབས་སོང་ཞེས་དྲིས་པར་ཁོང་གིས། གཅིག་དེ་ང་རང་ཆུང་དུས་དགོན་པ་ལ་བསྡད་ནས་དཔེ་ཆར་བལྟས་པ་རེད། གཉིས་ནས་ང་རང་གི་དགེ་རྒན་དམ་པ་ཁོང་རེད། དེ་བཞིན་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་གཞན་ལ་ཕན་མ་ཐོགས་ན་ཡང་གནོད་པ་མ་བྱེད།  ས་གནས་ཡུལ་མི་ལ་མཐུན་པོ་བྱོས་ཞེས་ཡང་ཡང་བཀའ་སློབ་གནང་གི་ཡོད་པ་ལྟར། ང་རང་གིས་ས་གནས་ཡུལ་མི་ལ་མཐུན་ལམ་བྱེད་པ་དེ་དཔེ་གལ་ཆེན་པོ་མཐོང་གི་འདུག གང་ཡིན་ཟེར་ན། དབུས་ནས་གཞིས་ཆགས་སྲ་བརྟན་གནས་དགོས་རེད་གསུང་གི་ཡོད་པ་རེད། དེ་གནས་པ་ལ་ས་གནས་ཡུལ་མི་དང་མཐུན་སྒྲིལ་བྱེད་དགོས་པ་དཔེ་མི་སྲིད་པས་གལ་ཆེན་དུ་མཐོང་སོང་། རྒྱ་གར་ས་གནས་ཡུལ་མི་ཚོར་རོགས་པ་བྱས་ཡོང་དུས་ཁོང་ཚོས་ཚུར་དཔེ་དགའ་མོས་བྱེད་བཞིན་འདུག ཅེས་ཟེར།

ཉེ་སྔོན་ཁོང་བསྐྱར་དུ་གཞིས་གྲོང་ནང་བསླེབས་པ་དང་བསྟུན་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་ཡོད་པའི་སྐོར་ལ་ཁོང་གིས། ད་ལན་ང་གཞིས་གྲོང་ལ་སླེབས་དུས་སྔོན་མ་དང་མ་འདྲ་བར་ཁོར་ཡུག་ལ་ཉམས་ཆག་གང་འཚམ་ཕྱིན་ཡོད་པ་མཐོང་སོང་། སྤྱིར་འཛམ་གླིང་གི་ས་ཆ་གང་དུ་ཡིན་ནའང་ཁོར་ཡུག་ཉམས་ཆག་དང་འབག་བཙོག་ཏུ་གྱུར་བ་དེ་དཀའ་ངལ་ཆགས་ཡོད་པ་རེད། ང་རང་གིས་གནད་དོན་དེ་ད་ལྟ་དང་མ་འོངས་པ་ལ་དཀའ་ངལ་ཆེན་པོ་ཞིག་ལ་འཕྲད་པའི་རྒྱུ་ཞིག་ཏུ་མཐོང་བར་བརྟེན།  ང་མི་གཅིག་གིས་དུས་དང་རྣམ་པ་ཀུན་ཏུ་ས་གནས་ཚང་མ་གཙང་བཟོ་མ་ཐུབ་ཀྱང་། མིག་དཔེ་བཟང་པོ་དང་ལམ་བཟང་པོ་ཞིག་སྟོན་ཐུབ་ན་བསམ་པའི་ཀུན་སློང་ཞིག་ཁྱེར་ནས་ང་རང་གིས་ལས་ཀ་དེ་འདྲ་ཞིག་མགོ་བཙུགས་པ་དང་། གཙང་བཟོའི་ནང་བདེ་ལེགས་སྨན་ཁང་ཡན་ལག་ཁང་དང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ས་གནས་བུད་མེད་ལྷན་ཚོགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། ལྷག་པར་དུ་ས་གནས་ཀྱི་གཞོན་སྐྱེས་དང་རྒན་འཁོགས་མང་པོ་ཞིག་གིས་མཉམ་རུབ་ཐོག ཉིན་གྲངས་ ༣ རིང་ཉེ་ཁུལ་གྱི་ཡུལ་མི་འདུས་སྡོད་བྱས་ཡོད་པའི་ས་གནས་ཁག་ཏུ་གད་སྙིགས་བསྒྲུགས་ཏེ་ཁོར་ཡུག་གཙང་སྤྲ་བྱས་པ་མ་ཟད། བསྐྱར་དུ་བེད་སྤྱོད་བྱ་ཐུབ་དང་མི་ཐུབ་པའི་གད་སྙིགས་རིགས་དབྱེ་བ་ཕྱེས་པ་སོགས་བྱས་ནས་ལས་འགུལ་དེ་དཔེ་ཡག་པོ་བྱུང་སོང་། ཞེས་བརྗོད་བྱུང་།ལས་གཞི་དེ་དག་གི་ཆེད་དུ་དངུལ་མང་པོ་འགྲོ་ཡི་ཡོད་སྟབས། འགྲོ་སོང་ཐད་ག་འདྲ་གནང་གི་ཡོད་དྲིས་པར་ཁོང་གིས། ཁོར་ཡུག་གཙང་སྦྲའི་ལས་འགུལ་ལ་སུད་སིར་ཡོད་པའི་ངའི་གྲོགས་པོ་རྟ་མགྲིན་གྱི་གྲོགས་མོ་བདེ་སྐྱིད་བྷ་རོ་ཟེར་མཁན་ཞིག་ཡོད་པ་དེས་ཧིན་སྒོར་ ༥༠༠༠༠ ཡིས་རོགས་པ་གནང་སོང་བས། བོད་ཀྱི་དུས་བབ་བརྒྱུད་ནས་ཁོང་ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་ཡི་ཡིན། དེ་མ་གཏོགས་ཉམ་ཐག་བྱིས་པ་སློབ་གྲྭར་གཏོང་བ་དང་སྨན་བཅོས་བྱེད་པའི་འགྲོ་སོང་ཆ་ཚང་ང་རང་མི་སྒེར་ངོས་ནས་གཏོང་གི་ཡོད་པ་མ་གཏོགས་རོགས་རམ་བྱེད་མཁན་ཚོགས་པ་དེ་འདྲ་གང་ཡང་མེད། ཅེས་བརྗོད་བྱུང་།

མ་འོངས་པར་མུ་མཐུད་ནས་ཡུལ་མིར་རོགས་རམ་དང་ཁོར་ཡུག་གཅེས་སྐྱོང་གི་ལས་གཞི་སྤེལ་འཆར་ཡོད་མེད་དྲིས་པར། ང་རང་ལོ་ཆུང་དུས་ནས་གཞན་ལ་རོགས་རམ་བྱེད་རྒྱུར་དཔེ་དགའ་པོ་ཡོད་པ་ལྟར་རོགས་པ་མང་པོ་བྱས་མྱོང་། ང་རང་གི་ལག་པས་མ་སྙོབ་ན་མ་གཏོགས་ཐུབ་པ་ཞིག་ཡོད་ན་མ་ཤི་བར་དུ་འཇོན་ཚོད་དཔག་ཚོད་ཀྱིས་བྱ་རྩིས་ཡོད། དེ་བཞིན། ཨོ་རི་ས་གཞིས་གྲོང་གསུམ་པའི་འགྲམ་དེ་ལ་ཡུལ་མིའི་གནས་རི་དཔེ་རྩ་ཆེན་པོ་ཞིག་ཡོད་པ་རེད། གནས་རི་དེའི་ཤིང་རྣམས་གཏུབ་ནས་ད་ལྟ་ཤིང་སྡོང་རྩ་བ་ནས་མེད་པར་གྱུར་འདུག་པས།  ལོ་རྗེས་མ་ནས་དེར་ཤིང་སྡོང་འཛུགས་རྒྱུའི་འཆར་གཞི་ཡོད། དེ་བཞིན་ད་ལྟ་སློབ་མ་ ༢༠ ཙམ་ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱོར་གྱི་ཡོད་པ་དང་། མ་འོངས་པར་སློབ་མ་ ༥༠ ཙམ་ལ་སློབ་ཡོན་འབུལ་ཐུབ་ན་བསམ་ཡོད། ང་རང་མི་གཅིག་གིས་མཐུན་རྐྱེན་དེ་འདྲ་ཞིག་བསྐྲུན་ཐུབ་རྒྱུ་ཁག་པོ་རེད་དེ། ངའི་གྲོགས་པོ་ཁ་ཤས་ཀྱིས་རྒྱ་གར་གཞུང་མང་ལ་བཀའ་དྲིན་རྗེས་དྲན་ཆེད་ཤེས་ཡོན་ཐོག་ནས་ཉམ་ཆུང་རོགས་སྐྱོར་གནང་བ་དཔེ་ཡག་པོ་རེད། ཁོང་ཚོའི་ནང་ནས་ཁ་ཤས་ཀྱིས་རོགས་པ་བྱེད་ཆོག་ལབ་ཀྱི་འདུག་སྟབས། མ་འོངས་པར་སློབ་མ་ ༥༠ ཙམ་ལ་རོགས་བྱེད་པའི་བསམ་བློ་ཡོད། བསམ་བློ་ཞིག་བཏང་ན། མི་མང་པོ་ཞིག་ནས་ངས་འགྲོ་སོང་མང་པོ་ཞེ་དྲག་བཏང་ནས་རོགས་པ་ཧ་ཅང་མང་པོ་བྱེད་ཀྱི་འདུག་དྲན་སྲིད་པ་རེད། དེ་ལ་འགྲེལ་བཤད་ཅིག་རྒྱག་དགོས་པ་གལ་ཆེན་པོ་མཐོང་གི་འདུག ཡུལ་མི་དེ་ཚོར་འགྲོ་སོང་གཏོང་མ་ཐུབ་པ་གང་ཡང་ཡོད་པ་མ་རེད། བོད་པའི་སྤྱི་ཚོགས་ནང་ང་ལས་དཔལ་འབྱོར་ཡག་པོ་ཡོད་མཁན་དཔེ་མང་པོ་ཡོད་རེད་ལ། སུ་དང་སུས་ཀྱང་རོགས་པ་བྱེད་ཐུབ་ཀྱི་རེད། ཁོང་ཚོར་འགྲོ་སོང་འབུམ་དང་འབུམ་དགོས་ཀྱི་ཡོད་མ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ། བོད་མི་ཚོར་རེ་བ་དང་འབོད་སྐུལ་ག་རེ་ཡོད་ཞུས་པར་ཁོང་གིས། བོད་པའི་སྤྱི་ཚོགས་ནང་ལས་ཀ་ག་རེ་བྱས་ན་ཡང་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་དེ་གལ་ཆེན་མཐོང་གི་འདུག ང་ཚོ་ཨོ་རི་ས་ལ་ཆ་བཞག་ན། ན་ནིང་གཞིས་གྲོང་ནང་རྐུན་མ་མང་པོ་བསླེབས་ནས་དཀའ་ངལ་མང་པོ་ཞེ་དྲགས་བྱུང་བ་རེད། རྐུན་མ་ཤུགས་ཆེན་པོ་ཡོད་པར་བརྟེན། མཚམས་རེར་རྐུན་མ་འཇུ་ཐུབ་ཡོད་ཀྱང་རྗེས་སུ་ཉེན་རྟོག་པས་ཀློད་པ་སོགས་བྱུང་ནས་གང་ལྟར་ཚགས་ཚུད་པོ་ཞིག་རྩ་བ་ནས་བྱུང་ཡོད་པ་མ་རེད། ང་ད་ལོར་གཞིས་གྲོང་ནང་གུང་གསེང་དུ་བསླེབས་རྗེས་བོད་པའི་ཁྱིམ་ཚང་ལྔ་དྲུག་ཅིག་རྐུན་མས་སྟོང་པ་བཟོས་པའི་རྙོག་དྲ་བསླེབས་སོང་། དགོན་པ་ནང་གི་མཎྜལ་བརྐུས་པ་སོགས་བྱུང་འདུག་པར་བརྟེན། མ་འོངས་པར་མི་ཤི་སྐྱོན་ཆག་ཡོང་གི་རེད་བསམ་སྟེ་ང་རང་མདུན་དུ་ཐོན་ནས་ས་གནས་གཞིས་མགོ་དང་ས་གནས་གྲོས་ཚོགས་ཚོགས་གཙོ། དེ་བཞིན་ས་གནས་བུད་མེད་སོགས་ཚང་མར་མཉམ་དུ་སྐད་ཆ་བཤད་དེ། དེ་རིང་ང་ཚོས་ལས་ཀ་ཞིག་བྱས་ན་མ་གཏོགས་འགྲིག་ས་མ་རེད། དགོན་པ་གཏོར་འགྲོ་ཡི་འདུག མི་མང་གི་ནང་སྟོང་པ་བཟོ་ཡི་འདུག དེའི་འགན་གཙོ་བོ་ངས་ལེན་ཆོག ཡིན་ན་ཡང་། ཁྱེད་རང་ཚོ་ངའི་རྒྱབ་ལ་ངེས་པར་དུ་ལངས་དགོས་རེད་ཅེས་ལབ་ནས་ཟླ་བ་གསུམ་རིང་ལ་ངས་འགན་གཙོ་བོ་འཁུར་ནས་ས་གནས་སྐོར་སྲུང་བ་མཉམ་དུ་འབྲེལ་བ་གང་མང་བྱས་མཐར་རྐུན་མ་ཚང་མ་ཉེན་རྟོག་པས་བཟུང་པ་རེད། དེ་ཙམ་དུ་མ་ཟད་རྐུན་མ་ཚང་མས་བོད་པའི་ཁྱིམ་དང་དགོན་པ་ནས་ཅ་ལག་བརྐུས་པ་སོགས་ཁས་བླངས་ནས་ཐག་གཅོད་དཔེ་ཡག་པོ་བྱུང་སོང་། དེ་འདྲ་ཡིན་དུས། ངས་རྟག་པར་ལབ་བསྡད་ཡོད། གཅིག་སྒྲིལ་བྱས་ནས་ལས་ཀ་བྱེད་དགོས་རེད་མ་གཏོགས་གཅིག་ལ་དཀའ་ངའ་འཕྲད་ན་གཅིག་གིས་ལྟད་མོ་བལྟས་ནས་བསྡད་ན་འགྲིག་གི་ཡོད་མ་རེད།

བསྐྱར་བཅོས།: ༢༠༡༨/༠༥/༠༥

Leave a Reply

One thought on “སྤྲུལ་སྐུའི་གཞིས་ཆཊ་སྲ་བརྟན་དང་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ།

  1. རིན་པོ་ཆེ་ནས་ད་བར་ཡུལ་མིར་ཁ་ཡོད་ལག་ཡོད་ཕན་ཐོགས་གནང་བར་ཐུགས་རྗེ་ཆེ། མ་འོངས་པར་བྱུང་ན་བོད་རིགས་སྐྱོ་བོ་དང་ལྷག་པར་དུ་ཤེས་ཡོན་ཐོག་རོགས་པ་འདྲ་གནང་ཐུབ་ན་ཕན་ནུས་ཆེན་པོ་ཡོང་བ་འདུག བདེན་པ་རེད། དེང་སང་གསུང་མཁན་མང་གནང་མཁན་དཀོན་པོ་འདུག་ག