བོད་ལ་གཉེན་འཕྲད་དུ་ཕྱིན་ནས་དཀའ་ངལ་མང་པོ་འཕྲད།

བོད་གཉའ་ལམ་རྫོང་ནས་ཡིན་པའི་སྐལ་བཟང་ལྷ་མོ་ལགས་ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་དུ་ཡོང་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཞུགས་ཡོད་པ་དང་། ཕྱིས་སུ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཁྱིམ་ཚང་བཅས་ཏེ་གནས་སྡོད་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༡༥ ཟླ་ ༤ པའི་ནང་དུ། བོད་ནང་ཡོད་པའི་མོའི་པ་ལགས་སུ་ནད་གཞི་ཚབས་ཆེན་ཞིག་བྱུང་སྟེ་སྨན་ཁང་དུ་གཤག་བཅོས་གཏོང་དགོས་བྱུང་བའི་གནས་ཚུལ་ཐོས་མ་ཐག་ཐུག་འཕྲད་ཆེད་ཕྱིར་ཕ་ཡུལ་དུ་ལོག་ཡོད་པ་དང་། བོད་དུ་བསླེབས་རྗེས་སྐལ་བཟང་ལྷ་མོ་ལགས་དང་མོའི་ཁྱིམ་མི་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་འདུགསྐལ་བཟང་ལྷ་མོ་ལགས་ནས་འདི་གའི་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན། ལོ་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་སྐུའི་གྱ་སྟོན་དུ་ཁེལ་ཡོད་སྟབས། མོའི་ཁྱོ་གས་སྐད་འཕྲིན་བརྒྱུད་རྒྱ་གར་ནང་གྱ་སྟོན་སྲུང་གཙི་ཞུས་པའི་སྐོར་གྱི་འདྲ་པར་དང་བརྙན་ཐུང་བཏང་འབྱོར་བྱུང་ཡོད་པ་དང་། མོས་དེ་ཚོ་མོ་རང་གི་སྐད་འཕྲིན་རྒྱབ་ལྗོངས་སུ་བཀོད་པ་དང་། གཞན་ལ་བརྒྱུད་བསྐུར་བྱས་ཡོད་པ་གཉའ་ལམ་རྫོང་ཉེན་རྟོག་པས་ཤེས་རྟོགས་བྱུང་བར་བརྟེན། དེ་མ་ཐག་ཉེན་རྟོག་པ་མོའི་ཁྱིམ་དུ་བསླེབས་ནས་མོ་ལ་འདྲི་རྩད་བྱས་པ་མ་ཟད། བལ་ཡུལ་ནས་བོད་ནང་གཉེན་འཕྲད་དུ་འགྲོ་ཆོག་པའི་ལམ་ཡིག་དང་ཁ་པར་སོགས་ཕྱིར་བསྡུ་གཞུང་བཞེས་བྱས་ཏེ། དེ་ནས་བཟུང་མོའི་འགྲོ་འདུག་ལ་ལྟ་རྟོག་བྱས་ནས་ཕྱིར་རྒྱ་གར་ནང་དུའང་ལོག་མ་བཅུག་པར་བཟང་བཙོན་ལྟ་བུའི་འོག་བཞག་ཡོད་འདུག

ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༨ ཉིན་སྐལ་བཟང་ལྷ་མོ་ལགས་གཞིས་ཀ་རྩེ་ནས་སྟོད་མངའ་རིས་སུ་གནས་མཇལ་དུ་འགྲོ་རྩིས་ཀྱིས་སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་ཕྱིན་ཡོད་པ་དང་། ལྷ་རྩེ་རྫོང་དུ་མ་སླེབས་གོང་དམག་ཆས་གྱོན་མེད་པའི་མི་འགའ་བསླེབས་ཏེ། སྐལ་བཟང་ལྷ་མོ་ལགས་རླངས་འཁོར་ནག་པོ་ཞིག་གི་ནང་བཅུག་སྟེ་མགོ་ལ་རས་ནག་བསྐོན་ནས་ཕྱིར་གཞིས་ཀ་རྩེ་རུ་བཙན་གྱིས་ཁྲིད་སོང་བ་མ་ཟད། གང་ཡིན་འདི་ཡིན་མེད་པའི་ཁང་པ་ཞིག་གི་ནང་དུ་བཅུག་ནས་འཇམ་པོའི་སྒོ་ནས་དྲི་བར་ལན་འདེབས་དང་རྣམ་འགྱུར་ཡག་པོ་མ་བསྟན་ན་རྩུབ་མོའི་སྒོ་ནས་འདྲི་དགོས་པ་རེད། ཅེས་བཤད་དེ། རྒྱ་གར་དུ་སྡོད་སྐབས་ལས་ཀ་ག་རེ་བྱས་པ་དང་བོད་གཞུང་གི་ལས་ཀ་བྱས་མྱོང་ཡོད་མེད། ཕྱིར་ཕ་ཡུལ་དུ་ཡོང་དགོས་དོན་གཙོ་བོ་གང་ཡིན་པ། དྲ་ལམ་ནས་༧གོང་ས་མཆོག་གི་བརྙན་དང་སྐུ་པར་རིགས་བསྐུར་བའི་དམིགས་ཡུལ་ཅི་ཡིན།  ༧གོང་ས་མཆོག་ལ་མཇལ་མྱོང་ཡོད་མེད། བཙན་བྱོལ་ནང་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདྲ་མིན་ནང་མཉམ་ཞུགས་བྱས་མྱོང་ཡོད་མེད།   བལ་ཡུལ་ནང་དུ་མི་ངོ་ཤེས་སུ་སུ་ཡོད་པ། དེ་བཞིན། མོའི་བཟའ་ཟླས་བོད་ནས་བལ་ཡུལ་དུ་ལམ་ཁྲིད་བྱས་མྱོང་ཡོད་མེད་སོགས་དྲིས་ནས་ཉིན་མཚན་གཉིས་ལ་བཀག་ཉར་བྱས་རྗེས། ཡི་གེ་ཤོག་ངོས་བཅུ་གྲངས་ཅན་ཞིག་ལ་མཛུབ་ཐེལ་རྒྱག་ཏུ་བཅུག་ནས་ཀློད་གྲོལ་བཏང་ཡོད་འདུག ཡིན་ནའང་། ས་གནས་གཞན་གང་དུའང་སོང་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

དེ་སྔ་བལ་བོད་ས་མཚམས་གཉའ་ལམ་རྫོང་དུ་ས་ཡོམ་གོད་ཆག་བྱུང་བར་བརྟེན། གཉའ་ལམ་རྫོང་འགྲམ་གྲོང་བརྡལ་གྱི་ཁྱིམ་ཚང་ཁ་ཤས་གཞིས་ཀ་རྩེ་རུ་གནས་སྤོར་དུ་བཅུག་ནས་བསྡད་ཡོད་པ་དང་། ཟླ་ངོ་ཁ་ཤས་ཀྱི་མཚམས་སུ་དུད་ཁྱིམ་རེ་ནས་མི་གཉིས་རེ་འགྲམ་དུ་ཡོད་པའི་སོ་སོའི་ཁང་པར་ལྟ་རུ་འགྲོ་ཆོག་གི་ཡོད་སྟབས། གོ་སྐབས་དེ་བརྒྱུད་ཕྱི་ལོ་ ༢༠༡༦ ཟླ་ ༡༡ པའི་ནང་སྐལ་བཟང་ལྷ་མོ་ལགས་ཀྱིས་འགྲམ་ནས་ཉིན་མཚན་གཉིས་རིང་གོམ་པ་བརྒྱབས་ཏེ་བལ་ཡུལ་དུ་བསླེབས་ཐུབ་ཡོད་འདུག

སྐལ་བཟང་ལྷ་མོ་ལགས་ཀྱིས་བརྗོད་ན། མོ་རང་བྲོས་སོང་བ་གཉའ་ལམ་རྫོང་གི་ཉེན་རྟོག་པས་ཤེས་རྟོགས་བྱུང་མ་ཐག་མོའི་སྤུན་ཆུང་བ་དོན་མེད་འཛིན་བཟུང་གིས་ཟླ་ངོ་གཅིག་ཙམ་རིང་གཞིས་ཀ་རྩེ་རུ་བཀག་ཉར་གྱིས་འདྲི་རྩད་རྡུང་རྡེག་བཏང་བ་མ་ཟད། ཉིན་གྲངས་གསུམ་ནང་སྐལ་བཟང་ལྷ་མོ་ཕྱིར་ལོག་མ་ཡོང་ཚེ་སྤུན་ཆུང་བ་བཙོན་འཇུག་བྱ་རྒྱུ་དང་། རྗེས་ཕྱོགས་གནས་སྤོར་བྱས་ཡོང་བའི་གྲོང་མི་ཚང་མ་འགྲམ་ལ་འགྲོ་སྐྱོད་མི་ཆོག་པ་བཟོ་རྒྱུ་ཡིན་སྐོར་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་འདུག ཡིན་ནའང་། མཐར་བྱ་ཐབས་བྲལ་ཏེ་ནུ་བོ་དབང་ཕྱུག་ཀློད་གྲོལ་བཏང་ཡོད་ཀྱང་། ཁོའི་སྤྱི་མང་ཐོབ་ཐང་དཔང་ཡིག་འཕྲོག་པ་མ་ཟད། སྲིད་གཞུང་ནས་སྤྲོད་ཀྱི་ཡོད་པའི་ཐོབ་ཐང་ཚང་མ་བཀག་པ་དང་། གཞིས་ཀ་རྩེ་གྲོང་ཁྱེར་ལས་ས་གནས་གཞན་གང་དུ་ཡང་འགྲོ་མི་ཆོག་པ་བཟོས་ཡོད་འདུག

ཡང་སྐལ་བཟང་ལྷ་མོ་ལགས་ཀྱིས་གསར་འགོད་པར། ང་བལ་ཡུལ་ནང་འབྱོར་རྗེས་གཉའ་ལམ་རྫོང་ཉེན་རྟོག་ཁང་ནས་ཕྱིར་ལོག་ན་ཡག་པོ་ཡོད་པའི་བརྡ་མང་པོ་འབྱོར་བ་མ་ཟད། རྒྱ་གར་དང་བལ་ཡུལ་གཉིས་སུ་ཡོད་པའི་ངའི་ཕ་ཡུལ་གཅིག་པ་ཚོ་བརྒྱུད་ནས་ལན་འབྱོར་བ་སོགས་ཁོ་ཚོས་ཐབས་ཤེས་མང་པོ་འཐེན་སོང་། ང་བྲོས་བྱོལ་གྱིས་བལ་ཡུལ་ནང་བསླེབས་ཏེ་ལོ་གཅིག་དང་ཕྱེད་ཙམ་ཕྱིན་པའི་རིང་། ས་གནས་གཅིག་ཏུ་གཏན་སྡོད་མ་ཐུབ་པར་མཚམས་རེར་རྒྱ་གར་ནང་སོང་ནས་བསྡད་པ་དང་། མཚམས་རེར་བལ་ཡུལ་ནང་བསྡད་དེ་སོ་སོའི་བདེ་འཇགས་ཐད་ཡིད་གཟབ་བྱེད་ཀྱི་ཡོད། ཅེས་དང་། མོ་རང་བྲོས་བྱོལ་དུ་ཡོང་རྐྱེན་གཉའ་ལམ་རྫོང་ཉེན་རྟོག་པས་མོའི་ཕ་མ་གཉིས་ཀྱི་གཙོས་ཁྱིམ་མི་རྣམས་ལ་འཇིགས་སྐུལ་ཁ་རྡུང་བཏང་བ་མ་ཟད། ནང་དོན་ཅི་ཡིན་འདི་ཡིན་མ་ཤེས་པའི་ཡི་གེ་ཤོག་ངོས་མང་པོར་མཛུབ་ཐེལ་རྒྱག་ཏུ་བཅུག་སྟེ་སུན་གཙེར་མང་པོ་བཟོས་པར་བརྟེན། མོའི་ཨ་མ་ལགས་ལ་སྙིང་གི་ན་ཚ་བྱུང་བ་དང་། པ་ལགས་ལ་ནད་གཞིའི་རྐྱེན་པས་ཐེངས་གསུམ་ལ་གཤག་བཅོས་བྱས་ཏེ་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཏེ། ཁྱིམ་གྱི་གནས་སྟངས་ཛ་དྲག་ཆགས་ཡོད་ཀྱང་། ད་ལྟའང་རང་ཁྱིམ་དུ་ཐད་ཀར་འབྲེལ་བ་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།

དེའི་སྐོར་ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཡོད་པའི་ས་སྐྱ་བརྩེ་ཆེན་མདོ་སྔགས་ཆོས་གླིང་གི་དགེ་འདུན་པ་ཞིག་གིས་འདི་གའི་གསར་འགོད་པར། སྐལ་བཟང་ལྷ་མོའི་གྲོང་པ་གཅིག་པ་ཕ་ཡུལ་དུ་ཡོད་པའི་ཁོང་གི་སྤུན་མཆེད་ཅིག་གིས། སྐལ་བཟང་ལྷ་མོ་བོད་དུ་བསླེབས་རྗེས་ཉེན་རྟོག་པས་འདྲི་རྩད་བྱས་པ་མ་ཟད། ལོ་གཅིག་ལྷག་ལ་རྒྱ་གར་དུ་ཕྱིར་ལོག་མ་བཅུག་པའི་རྐྱེན་གྱིས་མོ་རང་བྲོས་ཕྱིན་ཡོད་པ་རེད། ཕྱིས་སུ་ཉེན་རྟོག་པ་མོའི་ཁྱིམ་དུ་ཡང་ནས་བསྐྱར་དུ་ཡོང་སྟེ་ནང་མི་ཚོར་དཀའ་ངལ་མང་པོ་བཟོས་པ་དང་། མོའི་སྤུན་མཆེད་གཅིག་འཛིན་བཟུང་བྱས་ཏེ་ཉིན་གྲངས་མང་པོར་བཀག་ཉར་བྱས་ཡོད་པ་མ་ཟད། ཀློད་གྲོལ་གཏོང་སྐབས་ཁོའི་ལུས་ལ་རྨ་ཁ་མང་པོ་བཟོས་འདུག་ཟེར་ནས་ལབ་ཀྱི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས་སྐལ་བཟང་ལྷ་མོའི་ཁྱོ་ག་དང་ཁོང་ཚོ་རྒྱུན་དུ་ཐུག་གི་ཡོད་པ་དང་། མོའི་ཁྱོ་གས་ངའི་བཟའ་ཟླ་བོད་ནས་ཕྱིར་མ་ལོག་པ་མ་རེད། རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཏེ་ཡོང་བཅུག་གི་ཡོད་པ་མ་རེད་ཟེར་ནས་བཤད་ཀྱི་ཡོད་པ་དང་། ཁོང་བཟའ་ཟླ་གཉིས་ལ་རང་ལོ་ ༣ ཡིན་པའི་བུ་མོ་ཞིག་ཀྱང་ཡོད་པ་དང་། ཨ་མ་བོད་ནས་ཡུན་རིང་ཕྱིར་ལོག་མ་ཐུབ་པར་བརྟེན། ཁྱོ་ག་གང་དུ་ཕྱིན་ནའང་བུ་མོ་ཁྲིད་ནས་འགྲོ་བ་དང་གཉོར་སྐྱོང་བྱེད་པར་དཀའ་ངལ་མང་པོ་འཕྲད་ཡོད་སྐོར་ཡང་བརྗོད་བྱུང་།

བལ་ཡུལ་ས་གནས་གསར་འགོད་པ་མགོན་པོ།

བསྐྱར་བཅོས།: ༢༠༡༨/༠༥/༠༧

Leave a Reply