ཡུལ་ཤུལ་འཁྲི་འདུ་རྫོང་དུ་ས་ཡོམ་བྱུང་།

ཁ་སང་ཁེ་ཉིན་ཡུལ་ཤུལ་འཁྲི་འདུ་རྫོང་ཁོངས་སུ་ཚད་རིམ་ ༥ ལྷག་ཅན་གྱི་ས་ཡོམ་སྔ་ཕྱི་གཉིས་བྱུང་ཡོད་ཀྱང་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་མི་འདུག་ཟེར།

ཁ་སང་ཕྱི་ཚེས་ ༦ ཉིན་གྱི་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༣།༣༠ ཙམ་ལ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འཁྲི་འདུ་རྫོང་དུ་ཚད་རིམ་ ༥.༣  ཅན་གྱི་ས་ཡོམ་བྱུང་ཡོད་པ་དང་། ཁེ་ཉིན་ཕྱི་ཚེས་ ༥ ཉིན་ཡང་ཚད་རིམ་ ༥ . ༢༣ ཅན་གྱི་ས་ཡོམ་ཞིག་བརྒྱབས་ཡོད་པ་དང་། ཡུལ་མི་ཚོས་ཡང་བསྐྱར་ས་ཡོམ་འབྱུང་བར་སེམས་ཁྲལ་བྱེད་བཞིན་ཡོད་འདུག འབྲེལ་ཡོད་ནས་བརྗོད་ན། ས་ཡོམ་སྔ་ཕྱི་གཉིས་སུ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་བྱུང་མེད་འདུག

འདི་གའི་གསར་འགོད་པས་ཕ་ཡུལ་ཡུལ་ཤུལ་ནས་ཡིན་པའི་འབྲེལ་ཡོད་ཅིག་ལ་དེའི་སྐོར་སྐད་ཆ་དྲིས་པར། ས་ཡོམ་བརྒྱབས་ཡོད་ན་ཡང་ཁང་པ་སོགས་ལ་གས་ཁ་བྱུང་བ་ཙམ་ལས་མི་རྒྱུ་གཉིས་ལ་དོན་སྐྱོན་གང་ཡང་བྱུང་མི་འདུག་ཅེས་བརྗོད་བྱུང་། ཡང་འབྲེལ་ཡོད་གཞན་ཞིག་གིས་ས་ཡོམ་བྱུང་ས་དེ་གྲོང་ཁྱེར་དང་གྲོང་སྡེ་སོགས་ཆེན་པོ་མེད་པའི་ས་ཁུལ་ཞིག་ཡིན་པས་གནས་ཚུལ་དེ་ཙམ་གསལ་བོ་ཞིག་གོ་ཐུབ་གྱི་མི་འདུག་མོད། ཕ་ཡུལ་ཕྱོགས་ནས་བཤད་པ་ལྟར་ན་དོན་རྐྱེན་ཆེན་པོ་གང་ཡང་བྱུང་མེད་ཚོད་རེད་འདུག ཅེས་བརྗོད་བྱུང་།

རྒྱ་ནག་གཞུང་གི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ས་ཡོམ་འགུལ་རིམ་གཉིས་པ་དེ་ཆུ་དམར་ལེན་རྫོང་ནས་བར་ཐག་སྤྱི་ལེ་༨༣ དང་འབྲི་སྟོད་རྫོང་ནས་བར་ཐག་སྤྱི་ལེ་ ༡༡༥ ཡོད་པ་དང་། རྨ་སྟོད་རྫོང་ནས་བར་ཐག་སྤྱི་ལེ་༡༥༩ ཡོད་པ་དང་། དེ་བཞིན་ཡུལ་ཤུལ་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་༡༨༠ དང་། ཟི་ལིང་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་༥༢༨ ཡོད་པའི་ས་ཁུལ་ཞིག་ཏུ་འཁེལ་ཡོད་སྐོར་བསྒྲགས་འདུག

ཡུལ་ཤུལ་ཁུལ་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་རིམ་པར་བྱུང་ཡོད་པ་རེད། ཕྱི་ལོ་༢༠༡༠ ལོའི་ཟླ་ ༤ ཚེས་ ༡༤ ཉིན་ཡུལ་ཤུལ་སྐྱེ་རྒུ་མདོར་ས་ཡོམ་ཚད་རིམ་ ༦.༩ ཅན་ཞིག་བརྒྱབས་ཏེ། མི་ ༢༠༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ཚད་རིམ་ ༦.༤ ཅན་དང་། ཡུལ་ཤུལ་ནང་ཆེན་རྫོང་དུ་ཚད་རིམ་ ༤.༨ ཅན་གྱི་ས་ཡོམ་བྱུང་ཡོད་ཀྱང་། མི་རྒྱུ་གཉིས་ལ་གནོད་པ་ཆེན་པོ་ཐེབས་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༠༧

Leave a Reply