ནང་བསྟན་ཆོས་ལུགས་ནི་དམར་ཤོག་ལྟ་གྲུབ་ཀྱི་འགལ་ཟླ་ཆེ་ཤོས་སུ་ངོས་འཛིན་བྱས།

ཕྱི་ལོ་ ༢༠༠༨ ལོ་ནས་ད་ལྟ་བར་དུ་རྒྱ་ནག་གཞུང་གི་ཁྲིམས་འགལ་བཀག་ཉར་འོག་ཁྱོན་བོད་མི་ ༣༡ སྡུག་སྦྱོང་མནར་གཅོད་ཁྲོད་འདས་གྲོངས་སུ་ཕྱིན་འདུག་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ།  བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་རྒྱ་དབྱིན་གསུམ་ལྡན་པའི་ཕྱི་ལོ་ ༢༠༡༧ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་བཏོན་ཏེ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། ལོ་འཁོར་སྙན་ཐོའི་ནང་ཕྱི་ལོ་ ༢༠༡༧ ལོར་བོད་མི་ ༡༨ བཙོན་གྲོལ་ཐོབ་ཡོད་པ་དང་། ཡང་འདས་པའི་ལོ་གཅིག་ཁོ་ནའི་ནང་རང་ལུས་མེར་བསྲེགས་ཀྱི་པར་དང་བརྙན་ཐུང་བརྒྱུད་སྤེལ་དང་། ཕྱི་ཕྱོགས་ལ་འབྲེལ་བ་བྱས་པ། ༧གོང་ས་མཆོག་གི་བཀའ་སློབ་འདོན་སྤེལ་དང་བོད་ནང་གི་ཆོས་དད་རང་དབང་སྐོར་ལ་རྩོམ་ཡིག་བྲིས་པ་སོགས་ཀྱི་ཉེས་མིང་འོག ཁྱོན་བོད་མི་ ༡༨ འཛིན་བཟུང་བྱས་ཏེ་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གི་བཙན་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༦ དང་རྒྱ་གར་ནང་ ༢ བཅས་བྱུང་ཡོད་སྐོར་བཀོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བརྗོད་སྐབས། ད་རེས་ཀྱི་ལོ་འཁོར་སྙན་ཐོའི་རྒྱབ་ཤའི་སྟེང་སྔར་དང་མི་འདྲ་བར་མྱུལ་ཞིབ་འཕྲུལ་ཆས་ཁག་ཅིག་བཀོད་པ་དེ་དག་གིས་རྒྱ་ནག་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚན་པ་ཁག་ཡོངས་ལ་མི་དང་འཕྲུལ་ཆས་གཉིས་ཀ་བེད་སྤྱོད་བྱས་ཏེ། ལྟ་ཞིབ་དང་མྱུལ་ཞིབ་མནན་པོ་བྱེད་ཀྱིན་ཡོད་པ་མཚོན་གྱི་ཡོད་ཅེས་དང་།  རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་དོགས་གཟོན་དང་མྱུལ་ཞིབ་ཀྱི་ལས་གཞིའི་འཕྲུལ་ཆས་དང་སྐད་སྒྲ་མ་ལག་ངོས་འཛིན་བྱེད་པའི་འཕྲུལ་ཆས། གདོང་རིས་ངོས་འཛིན་བྱེད་ཐུབ་པའི་འཕྲུལ་ཆས་དང་། དེ་བཞིན་ ཁྲག་རྒྱུད་དང་མིག་རིས་བཅས་ངོས་འཛིན་བྱེད་ཐུབ་པ་སོགས་ཀྱི་འཕྲུལ་ཆས་བེད་སྤྱོད་བྱས་ཏེ་མི་འཛིན་བཟུང་བྱེད་ཀྱི་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཁུལ་དུ་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོར་རྒྱ་ནག་གཞུང་ནས་རིན་མེད་སྨན་བཅོས་བྱེད་ཀྱི་ཡོད་ཁུལ་གྱིས་མི་མང་གི་ཁྲག་དང་མིག་སོགས་བརྟག་དཔྱད་བྱས་ཏེ་ཕྱིས་སུ་མི་འཛིན་བཟུང་བྱེད་པར་བེད་སྤྱོད་གཏོང་གི་ཡོད་སྐོར་བརྗོད་སོང་།

ཡང་ཆོས་དད་རང་དབང་དམ་དྲག་གི་སྐོར་ལ་མོས། རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་གཅིག་ཀྱང་ཕྱིར་ཤོར་འཇུག་གི་མེད་པ་མ་ཟད། ཆོས་དད་རང་དབང་ནི་གལ་ཤོས་ཤིག་ཆགས་ཡོད། དེ་ཡང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ནི་དམར་ཤོག་རིང་ལུགས་ཀྱི་ལྟ་གྲུབ་ལ་ཉེན་ཁ་ཆེ་ཤོས་སྐྲུན་མཁན་དེ་ཆགས་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། བོད་ཀྱི་ཆོས་དང་རིག་གཞུང་ལས་ཆོས་དེ་བོད་ཀྱི་སྐད་དང་རིག་གཞུང་། ངོ་བོ་བཅས་ཚང་མར་འབྲེལ་འདྲིས་ཡོད་དུས། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་གི་མགོ་མར་གནོན་ཐུབ་པ་ཡིན་ན། བོད་ཀྱི་སྐད་དང་རིག་གཞུང་། ངོ་བོ་བཅས་ཚང་མ་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་པ་གསལ་པོ་ཧ་གོ་ཡི་ཡོད། དེ་ལ་བརྟེན་ནས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ནི་དཀའ་ངལ་ཆེན་པོ་ཞིག་གི་ནང་ལྷུང་ཡོད་སྐོར་དང་། བོད་ནང་གང་བྱུང་བོད་མི་འཛིན་བཟུང་བྱས་ཏེ་ཁྲིམས་འགལ་བཀག་ཉར་བྱེད་ཀྱི་ཡོད་པ་དཔེར་ན། བཀྲ་ཤིས་དབང་ཕྱུག་ལགས་ལྟ་བུར་ཆ་བཞག་ན། ཁོ་རང་གི་གནས་ཚུལ་དེ་རྒྱལ་སྤྱིའི་སྒང་ཁྱབ་བརྡལ་ཤུགས་ཆེན་ཕྱིན་ཡོད་ཀྱང་། ཁོ་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་འཛིན་བཟུང་བྱས་ཏེ་ཁྲིམས་ར་ག་དུས་ཚོགས་ཡོད་མེད་གསལ་པོ་མེད་པ་མ་ཟད། དངོས་སུ་ཁྲིམས་བཤེར་དེ་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡ པོའི་ནང་བྱས་ཡོད་པར་བརྟེན། བཀྲ་ཤིས་དབང་ཕྱུག་ལགས་ལོ་མང་རིང་ཁྲིམས་བཤེར་མ་བྱས་པར་ཁྲིམས་འགལ་འོག་བཀག་ཉར་བྱས་ཏེ།  ཁོང་གི་ནང་མི་གཙོས་ཁྲིམས་རྩོད་པ་རྣམས་ཁོང་ལ་ཐུག་འཕྲད་བྱེད་དུ་མ་བཅུག་པ་སོགས་ཀྱི་དཀའ་ངལ་མང་པོ་སྤྲད་པ་དང་། རྒྱའི་བཙོན་འོག་ཏུ་ལུས་ཏེ་ཕྱི་ལ་དྲིལ་བསྒྲགས་མ་བྱུང་བའི་བོད་རིགས་བཙོན་མ་སྟོང་ཕྲག་མང་པོ་ཡོད་པ་ཚང་མའི་དཀའ་ངལ་གྱི་གནས་སྟངས་གཅིག་མཚུངས་ཡིན་པ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་དེ་ཆེ་ནས་ཆེ་རུ་འགྲོ་ཡི་ཡོད་སྐོར་སོགས་བརྗོད་སོང་།

གཞན་ཡང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་བྱུང་པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ལྟ་སྟངས་ལ་འགྱུར་བ་ཐེབས་ནས་སྲིད་བྱུས་འདྲ་མིན་ཞིག་ལག་བསྟར་བྱེད་བཞིན་ཡོད་པ་རེད། དམིགས་བསལ་བོད་མིའི་བསམ་བློ་དང་སྨྲ་བརྗོད་རང་དབང་ཐོག་རྡོག་རོལ་འགྲོ་གཞིའི་སྲིད་བྱུས་གང་མཐོང་བ་ལས་དང་པོ་གྲོང་སྡེར་བཅའ་སྡོད་ཀྱི་ལས་དོན་རེད། དེའི་ནང་བོད་པའི་གྲོང་སྡེ་ཁག་གི་བདེ་འཇགས་ཡར་རྒྱས་གཏོང་རྒྱུ་ཡིན་པ་ཁ་ལ་ཐོགས་ནས་རྒྱ་གཞུང་གི་ལས་བྱེད་ཁྲི་གཉིས་ཙམ་བོད་པའི་གྲོང་སྡེ་ཁག་ལྔ་སྟོང་ཙམ་ལ་བཀྲམས་ཏེ། བོད་མིའི་ཆབ་སྲིད་དང་ཆོས་ལུགས་ཀྱི་ལྟ་སྟངས་དབྱེ་བ་བྱས་ནས་བོད་མི་ཚོར་སློབ་གསོ་སྤྲོད་རྒྱུའི་ལག་ཆར་བེད་སྤྱོད་བྱེད་པའི་དམིགས་ཡུལ་བཟུང་སྟེ་ད་བར་དུ་གྲོང་སྡེར་བཅའ་སྡོད་ཀྱི་ལས་དོན་སྤེལ་བཞིན་འདུག ཕྱི་ལོ་ ༢༠༡༧ ཟླ་ ༣ ནང་གི་གནས་ཚུལ་གསར་པ་ཞིག་ནི་སྣང་ཞེན་བཞི་དང་དགའ་ཞེན་བཞི་ཞེས་པ་སྤེལ་བཞིན་ཡོད་རེད། འདི་ནི་གྲོང་སྡེར་བཅའ་སྡོད་ཀྱི་ལས་དོན་བཞིན་ཏང་ལ་དགའ་ཞེན་དང་ཏཱ་ལའི་བླ་མ་དང་ཁ་བྲལ་བ་ཚོར་ངོ་རྒོལ་བྱེད་པའི་སློབ་གསོ་སྤྲོད་བཞིན་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་རྒྱ་ནག་གཞུང་གི་ལྟ་ཞིབ་བྱེད་ཕྱོགས་སྐོར་བརྗོད་སྐབས་མོས། ཉེ་ཆར་རང་རྒྱ་ནག་གཞུང་གིས་མ་ལག་གསར་པ་ཞིག་ངོ་སྤྲོད་བྱས་ཡོད་པ་ནི་སྤྱི་ཚོགས་ཡིད་རྟོན་དངོས་ཡོད་མ་ལག་རེད། དེས་མི་ཚང་མར་རྔན་པ་སྤྲོད་རྒྱུ་དང་བྱ་དགའ་སྤྲོད་རྒྱུ། དེ་བཞིན་ཉེས་པ་གཏོང་བའི་མ་ལག་ཞིག་བཟོས་ནས་གལ་སྲིད་ཁོང་ཚོས་གཞུང་ལ་དགའ་པོ་དང་ཁ་ལ་ཉན་པོ་བྱས་ན། གཞུང་ལ་ཡིད་རྟོན་ཡོད་པའི་བརྒྱ་ཆ་ཡར་འཕར་ནས་རྗེས་མ་ཕྱི་སྐྱོད་ལག་ཁྱེར་བཟོ་རྒྱུ་དང་གནམ་གྲུའི་འཛིན་བྱང་ཉོ་རྒྱུ་སོགས་ལས་སླ་རུ་གཏོང་རྒྱུ་ཡིན་པ་རེད། དེ་བཞིན་ཁྱེད་རང་གི་ཡིད་རྟོན་བརྒྱ་ཆ་དེ་དམའ་པོ་ཡོད་ན་འཕྲུལ་ཆས་ཤིག་ཉོས་ཀྱང་དཀའ་ངལ་འཕྲད་རྒྱུ་དང་། ཕྱི་སྐྱོད་བྱེད་མི་ཐུབ་པ་ཞིག་བཟོས་ཡོད་པ་རེད། དེས་བོད་མིའི་བསམ་བློར་རྡོག་རོལ་འགྲོ་ཡི་ཡོད་པ་རེད། གང་ཡིན་ཟེར་ན། ཕར་ཕྱོགས་ཀྱི་མི་ཞིག་ལ་ཅིག་བཤད་དགོས་བསམ་རུང་མི་དེར་ཡིད་ཆེས་མི་ཡོང་བ་ཆགས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་བོད་མིའི་སྨྲ་བརྗོད་རང་དབང་གི་སྲིད་བྱུས་དེ་འདྲའི་འོག་ནས་རྡོག་རོལ་མང་པོ་འགྲོ་ཡི་ཡོད་པ་རེད། ཅེས་བརྗོད་སོང་།

ཕྱི་ལོ་ ༢༠༡༧ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོའི་ནང་དུ། ཕྱི་ལོ་༢༠༡༧ ལོར་རྒྱ་གཞུང་གིས་དབུལ་ཐར་མཁྲེགས་གཏོར་གྱི་མིང་བྱང་འོག་ཏུ་བོད་ས་ཡོངས་སུ་དོགས་ཟོན་མྱུལ་ཞིབ་ལས་གཞི་མང་པོ་ཁྱབ་གདལ་དང་ཤུགས་ཆེར་བཏང་སྟེ། ཏང་སྲིད་འགོ་ཁྲིད་ལས་བྱེད་སྟོང་ཕྲག་མང་པོ་ཆེད་གཏོང་གིས་ཞིང་འབྲོག་མང་ཚོགས་ལ་དོགས་ཟོན་མྱུལ་ཞིབ་དང་ཆབ་སྲིད་སློབ་གསོ་སྤྲོད་ཐབས་བྱས་ཡོད་ལ། སྔོན་ཐོན་འཕྲུལ་ཆས་སྤྱེད་དེ་ཁྲིམས་སྒྲིག་དང་བཅའ་ཁྲིམས། སྲིད་ཇུས་མང་པོ་གསར་དུ་ལག་བསྟར་གྱིས། ཞི་བའི་ཐོག་ནས་སྲིད་གཞུང་ལ་སྐྱོན་བརྗོད་དང་ཆབ་སྲིད་ཀྱི་བསམ་ཚུལ་མི་མཐུན་མཁན་ཚོར་དམ་དྲག་དང་བཙན་གནོན་བྱས་ཡོད་པ་རེད། སྔ་ཕྱི་བར་གསུམ་གྱི་བཙན་གནོན་ལྟ་ཞིབ་བརྒྱུད་དེ་བོད་མི་ཚོས་རྒྱལ་སྤྱིའི་སྟེང་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་དུ་ཁྲིམས་འགལ་གྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་སྟེ། བོད་མི་ཚོར་མི་སྤྱོད་ལས་འདས་པའི་མནར་གཅོད་ལག་བསྟར་བྱས་པའི་ནག་ཉེས་དངོས་ལ་དོ་སྣང་ཡོང་ཆེད་མུ་མཐུད་དུ་ཞི་རྒོལ་དང་སྐུ་ལུས་མེར་སྲེག་གནང་མུས་ཡིན་པ་རེད། ཅེས་བརྗོད་འདུག

ཡང་སྙན་ཐོའི་ནང་། རྒྱ་གཞུང་གིས་བོད་མི་ཚོ་གང་བྱུང་འཛིན་བཟུང་བཀག་ཉར་གྱིས་ཁྲིམས་ར་མ་འཚོགས་སྔོན་ནས་ཁོ་ཚོར་བཙན་གྱིས་ཉེས་འཛུགས་ཁས་ལེན་དུ་བཅུག་ཡོད་ཅིང་། འདི་ལོར་ལག་སོན་བྱུང་བའི་མནར་གཅོད་ཀྱི་བདེན་དབང་ཡིག་ཚགས་ལྟར་ན། རྒྱ་ནག་གི་ཁྲིམས་སྒྲིག་དེ་དག་ནི་མི་སྤྱོད་ལས་འདས་པ་ཞིག་ཡིན་པ་གསལ་ཞིང་། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ནམ་ཞར་ཁྲིམས་འཛིན་ལས་ཁུངས་ཁག་ལ་བཀག་ཉར་མི་སྣར་མནར་གཅོད་གཏོང་རྒྱུ་དང་། ཕྱི་གསལ་ནང་གསལ་གྱི་ཁྲིམས་ཞིབ་དང་དག་སེལ་ཁྲིམས་རྩོད་ཀྱི་ཐོབ་ཐང་ཁག་ངོས་ལེན་མི་དགོས་པར་གང་འདོད་དུ་གར་སོང་ཆ་མེད་བཟོ་བཞིན་ཡོད་པ་རེད།  དེ་ཡང་མ་ཟད་བཟོ་བཅོས་བྱས་པའི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་ཟེར་བ་དྲིལ་སྒྲོག་གིས་བོད་མིའི་ཆོས་ལུགས་དད་མོས་རང་དབང་ལ་དམ་དྲག་དང་། ནང་བསྟན་སློབ་གླིང་ཁག་ལ་སྟངས་འཛིན་ཤུགས་ཆེར་བཏང་བ་དེས། འདས་པའི་མི་ལོ་ལྔ་རིང་ལག་བསྟར་བྱས་པའི་དགོན་སྡེ་དོ་དམ་ལས་དོན་དེ་དག་མུ་མཐུད་རྒྱུན་སྐྱོང་རྒྱུ་ཡིན་པ་མཚོན་པར་མ་ཟད། བོད་མིའི་རིག་གཞུང་དང་ཆོས་ལུགས་ནི་ཉེན་སྲུང་གི་ངོ་བོར་བསྒྱུར་ཐབས་དེས། སྔར་ལས་ལྷག་པར་ཆོས་ལུགས་རང་དབང་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད།

རྒྱ་ནག་གི་མགོ་མཇུག་ལྡོག་པའི་ཡར་རྒྱས་ཀྱི་དཔེ་མཚོན་དེས། བོད་མིའི་འཚོ་རྟེན་ཉམས་དམས་ཀྱི་ཤུགས་རྐྱེན་གཏིང་ཟབ་ཐེབས་ཤིང་། བོད་ཁུལ་དུ་རྒྱ་རིགས་འབོར་ཆེན་གནས་སྤོར་དང་གསབ་དངུལ་འབོར་ཆེན་བཏང་ནས་བོད་མིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་སྟོན་ཐབས་བྱས་ཡོད་པ་རེད། བོད་མིའི་རྩྭ་ས་མང་པོ་སྲུང་སྐྱོང་ཁུལ་གྱི་ངོ་བོར་བསྒྱུར་ཏེ། ཐོན་སྐྱེད་བཟུང་བའི་རྩྭ་ཐང་ནས་འབྲོག་ཁྱིམ་མང་པོ་ཕྱིར་ཕུད་དང་གནས་སྤོར་བཏང་ནས་འབྲོག་པ་མང་ཚོགས་ཀྱི་འཚོ་རྟེན་བཙན་འཕྲོག་བྱས་ཡོད་པ་མ་གཏོགས། དོན་དངོས་སུ་རྒྱ་ནག་གི་དབུལ་ཐར་མཁྲེགས་གཏོར་གྱི་འཆར་འགོད་དང་ལག་བསྟར་ཁྲོད་དུ་བོད་མི་ཚོ་མཉམ་ཞུགས་བྱེད་དུ་མ་བཅུག་པར་ཁོ་ཚོའི་འཚོ་རྟེན་ཁེ་ཕན་སྲུང་སྐྱོབ་དང་འོས་འཚམ་གྱི་བསམ་བློ་ཙམ་ཡང་བཏང་མི་འདུག ཅེས་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར་དང་སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༥/༠༧

Leave a Reply