ཧིན་བོད་རིག་གཞུང་འབྲེལ་ལམ་ཞེས་པའི་བགྲོ་གླེང་ཚོགས།

རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཨིན་ཌིར་ཤི་ཀུ་མར་མཆོག་གིས་མ་འོངས་པར་བོད་དོན་ཆེད་རྒྱ་གར་ནང་མཚན་རྟགས་བསྡུ་བའི་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུ་དང་རྒྱལ་སྤྱིའི་སྟེང་བོད་དོན་ཆེད་ཚོགས་ཆེན་ཞིག་ཀྱང་བསྐོང་རྒྱུ་ཡིན་སྐོར་གསུངས་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་༣.༣༠ སྟེང་དྷ་ས་བདེ་དོན་ཚོགས་ཁང་དུ། ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པའི་གོ་སྒྲིག་འོག་བོད་དང་རྒྱ་གར་གྱི་རིག་གཞུང་འབྲེལ་ལམ་ཞེས་པའི་བགྲེ་གླེང་ཚོགས་འདུ་ཞིག་ཚོགས་སོང་བ་དང་། ཚོགས་འདུའི་སྐུ་མགྲོན་གཙོ་བོར་རྒྱ་གར་(RSS)ཚོགས་པའི་སློབ་སྟོན་པ་ཨིན་ཌིར་ཤི་ཀུ་མར་(Indresh Kumar)མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་གཙོས་སེར་སྐྱ་མི་མང་ཁག་ཅིག་བཅས་འཛོམས་འདུག

ཚོགས་འདུའི་ཐོག་མར་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ནས་ལས་རིམ་ངོ་སྤྲོད་དང་སྐུ་མགྲོན་གཙོ་བོ་ཨིན་ཌིར་ཤི་ཀུ་མར་མཆོག་ངོ་སྤྲོད་དང་འབྲེལ་སྐུ་མགྲོན་གཙོ་བོ་ནས་གསུང་བཤད་གནང་དོན། ཁོང་ད་ཐེངས་འདིར་ཕེབས་དགོས་དོན་ནི་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་དང་ཧི་མ་ལ་ཡའི་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ལ།  བོད་དང་རྒྱ་གར་ནི་སྤུན་མཆེད་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་དང་། སྔར་བོད་རྒྱ་དམར་གྱི་ལག་ཏུ་མ་ཤོར་གོང་རྒྱ་བོད་ས་མཚམས་སུ་ཉེན་རྟོག་པ་ ༧༧ ལས་མེད་ཀྱང་། རྩོད་རྙོག་དང་ཟང་ཟིང་། ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་མེད་པར་ཕན་ཚུན་ཡིད་ཆེས་ཀྱི་ཐོག་ནས་གནས་ཡོད་པ་རེད།  འོན་ཀྱང་བོད་ས་རྒྱ་དམར་གྱི་ལག་ཏུ་ཤོར་བ་ནས་བཟུང་ས་མཚམས་ཀྱི་རྩོད་རྙོག་ཟང་ཟིང་ཆེན་པོ་བྱུང་ཡོད་པ་དང་། རྒྱ་དམར་གྱི་དམག་མི་འབུམ་གཉིས་ཙམ་ས་མཚམས་སུ་བཏང་ཡོད་པ་དང་། རྒྱ་གར་གྱིས་ཀྱང་རང་ཉིད་ཀྱི་ས་མཚམས་སྲུང་སྐྱོབ་ཆེད་དམག་མི་འབུམ་གཉིས་ཙམ་གཏོང་དགོས་བྱུང་ཡོད་པ་དེའི་ཆེད་དུ་ལོ་རེར་སྒོར་ས་ཡ་མང་པོ་གཏོང་དགོས་བྱུང་གི་ཡོད་སྐོར་དང་།  ཡང་ཁོང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་ན། ད་གཟོད་བོད་རྒྱའི་ས་མཚམས་སུ་ཞི་བདེ་ལྷིང་འཇགས་ཡོང་རྒྱུ་ཡིན་པ་དང་། ཁོང་གིས་མ་འོངས་པར་བོད་དོན་ཆེད་རྒྱ་གར་ནང་མཚན་རྟགས་བསྡུ་བའི་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུ་དང་རྒྱལ་སྤྱིའི་སྟེང་བོད་དོན་ཆེད་ཚོགས་ཆེན་ཞིག་ཀྱང་བསྐོང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དེ་རིང་ལས་རིམ་གཉིས་རྩེག་ཅིག་གིས་དུས་ཚོད་ཉུང་ཙམ་ལས་གཏོང་ཐུབ་མ་སོང་ལ་སྐད་ཆ་ཉུང་ཙམ་ལས་བཤད་རྒྱུ་མིན།  དེ་རིང་འདིར་སྐུ་ཞབས་ཨིན་ཌིར་ཤི་ཕེབས་གནང་ཡོད་པ་རེད་ལ། ཁོང་ལ་མཚོན་ན་ཆབ་སྲིད་པ་མ་རེད་ལ་གྲོས་ཚོགས་འཐུས་མི་ཡང་མ་རེད། ཁོང་ནི་མི་ཚེ་ཧྲིལ་བོར་སྤྱི་ཚོགས་ཞབས་ཞུ་ཞུ་མཁན་ཞིག་རེད། ཕྱི་ལོ་༡༨༠༠ ནང་དབུ་བརྙེས་པའི་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་ཚོགས་པ་སྐད་གྲགས་ཅན་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ཞེས་པའི་ནང་མི་ཚེ་གང་བོ་བློས་གཏོང་བྱས་ཏེ་ཐ་ན་འཁྲུང་ས་ཡང་སྐྱོན་ཡོད་པ་མ་རེད། ད་ལྟ་ཁོང་གི་སེམས་ཤུགས་དང་སྙིང་སྟོབས། མི་རིགས་ཀྱི་ལ་རྒྱ་སོགས་ལ་རྒྱ་གར་རྒྱལ་ཡོངས་ནས་བརྩི་བཀུར་བྱེད་བཞིན་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་ཕྱི་ལོ་༡༩༩༨ ལོར་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་ཆེན་ཞིག་བསྐོངས་ཡོད་པ་དང་། སྐབས་དེར་རྒྱ་གར་གཞུང་ལ་ཆབ་སྲིད་མི་སྣ་མ་ཡིན་པ་ཞིག་གཏོང་གནང་རོགས་ཞེས་ཞུ་དུས་སྐུ་ཞབས་ཨན་ཌིར་ཤི་མཆོག་ངོ་སྤྲོད་གནང་བ་རེད། སྐབས་དེར་ཁོང་ཚོགས་ཆེན་དེའི་མཇུག་བསྡུའི་གསུང་བཤད་མཁན་ལ་སྐད་བཏང་གནང་བ་རེད། སྐབས་དེར་ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཏེ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་འཛུགས་དགོས་སྐོར་ཞུས་ཏེ། རྒྱ་གར་(RSS)ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་སློབ་སྟོན་འོག ཕྱི་ལོ་༡༩༩༩ ལོའི་ཟླ་༥ པའི་ཚེས་༥ ཉིན་འཕགས་བོད་མཛའ་འབྲེལ་ཚོགས་པ་ཞེས་པ་དེ་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་བཅར་ནས་བཙུགས་གནང་སྟེ། ད་ལོ་ཚོགས་པ་དེ་དབུ་བརྙེས་ནས་ལོ་ངོ་༢༠ འཁོར་བའི་དུས་དྲན་ཚོགས་འདུ་ཚོགས་གནང་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག་དང་ཚེ་རིང་ནོར་བུ།

བསྐྱར་བཅོས།: ༢༠༡༨/༠༥/༠༧

Leave a Reply

One thought on “ཧིན་བོད་རིག་གཞུང་འབྲེལ་ལམ་ཞེས་པའི་བགྲོ་གླེང་ཚོགས།

  1. Indresh Kumar ལགས་ རྒྱ་གར་གྱི་སྲིད་ཟུར་ Lal Bahadur Shastri དང་ རྒྱ་གར་གྱི་གཞོན་ནུ་ཚོགས་ཟུར་ Sanjay Gandhi གཉིས་ཀྱི་ལྟ་བ་གཅིག་པ་རེད་པའི།