ཨ་རིས་རྒྱ་ནག་གི་གསང་ཉུལ་བ་འཛིན་བཟུང་བྱས།

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་དོན་ལ་རྒྱུས་མངའ་ཡོད་པའི་ལས་བྱེད་ཟུར་པ་ཇེ་རི་ཁྲིན་ཧྲིན་ལི་ཟེར་བ་ཞིག་གིས་ཨ་རིའི་དམག་སྲིད་སྤྱི་དང་ལྷག་པར་དུ་གསང་བའི་སྒྲིག་འཛུགས་ཀྱི་ཉུལ་མ་ཁག་གི་མིང་ཐོ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན།  དེ་རིང་ཨ་རིའི་ལྷོ་ཤར་མངའ་སྡེ་བིར་རྗེ་ནེ་ཡའི་(Virginina)ཁྲིམས་ཞིབ་ལྷན་ཁང་གིས། ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་ཇེ་རི་ཁྲིན་ཧྲིན་ལི་(Jerry Chun Shing Lee)ཡིས་ཨ་རིའི་དམག་སྲིད་ལས་དོན་གཙོའི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་བ་སོགས་ཀྱི་མིང་དང་། གནས་ཚུལ་ཁག་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་། ཇེ་རི་ཁྲིན་ཧྲིན་ལི་ནི་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་དོན་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་རྒྱ་མི་ཞིག་ཡིན་འདུག

 ཨ་རིའི་ཁྲིམས་ཞིབ་ལྷན་ཁང་གིས།   ཕྱི་ལོ་ ༢༠༡༠ ཟླ་ ༤ པ་ནས་ ༢༠༡༡ ལོའི་བར་རྒྱ་ནག་གི་གསང་བའི་ལས་བྱེད་གཉིས་ཀྱིས་ཇེ་རི་ཁྲིན་ཧྲིན་ལི་ལ་གསང་བའི་དུས་བགོས་ཀྱིས་ཐུག་འཕྲད་བྱས་ཏེ། རྒྱ་ནག་གཞུང་ལ་ཨ་རིའི་གསང་བའི་གནས་ཚུལ་རྩིས་སྤྲོད་བྱེད་པར་ལྐོག་རྔན་སྤྲོད་རྒྱུའི་གཡོ་ཇུས་འཐེན་ཡོད་འདུག རྒྱ་ནག་གི་གསང་བའི་ལས་བྱེད་དེ་གཉིས་ཀྱིས་ཡིག་ཟམ་སྣ་ཚོགས་མཁོ་སྤྲོད་བྱས་ཏེ་གནས་ཚུལ་མཁོ་གཏོང་བྱེད་ཐབས་དང་། གསང་བའི་གནས་ཚུལ་ག་རེ་དགོས་མིན་སོགས་ཀྱི་ཐད་ཐབས་ལམ་འདྲ་མིན་བརྒྱུད་ཇེ་རི་ཁྲིན་ཧྲིན་ལི་ལ་ལམ་སྟོན་དང་བཀོད་འདོམས་བྱས་ཡོད་པ་མ་ཟད། དུས་ཡུན་དེའི་ནང་ཇེ་རི་ཁྲིན་ཧྲིན་ལི་ལ་ཡོང་ཁུངས་ཁ་གསལ་མེད་པའི་དངུལ་འབོར་ཆེན་འབྱོར་ཡོད། ཅེས་བརྗོད་ཡོད་པ་རེད།

 ཨ་རིའི་ནེའུ་ཡོག་གསར་ཁང་གིས། ལོ་ན་ ༥༣ ཡིན་པའི་ཇེ་རི་ཁྲིན་ཧྲིན་ལི་ནི་འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ནེའུ་ཡོག་གནམ་ཐང་ནས་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས།ཇེ་རི་ཁྲིན་ཧྲིན་ལི་ཡིས་ཁྲིམས་འགལ་ཐོག་ཨ་རིའི་གལ་གནད་ཅན་གྱི་གནས་ཚུལ་ཕྱིར་བཀྲམས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་ལས་རྒྱལ་ཁབ་གང་ལ་གནས་ཚུལ་ག་རེ་རྩིས་སྤྲོད་བྱེད་ཀྱི་ཡོད་པ་སོགས་ཁ་གསལ་བཟོས་མེད་ཀྱང་།  ད་རེས་ཨ་རིའི་གཞུང་ནས་ཁོའི་ནག་ཉེས་ཡོངས་བསྒྲགས་བྱས་པ་དེས། ཕྱི་ལོ་ ༢༠༡༢ ནས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གསང་བའི་སྒྲིག་འཛུགས་ཀྱི་གསང་ཉུལ་བ་མང་པོ་ཞིག་བསྟུད་མར་ལྐོག་གསོད་ཐེབས་པའི་རྒྱབ་ལྗོངས་མགོ་འཚོས་ཀྱི་ཡོད་པ་བསྟན་ཡོད་སྐོར་བརྗོད་འདུག

ཇེ་རི་ཁྲིན་ཧྲིན་ལི་ནི་ཕྱི་ལོ་ ༡༩༩༤ ནས་ ༢༠༠༧ བར་ཨ་རིའི་གསང་བའི་ལས་ཁུངས་སུ་ལས་ཀ་བྱས་རྗེས་བཟའ་མིའི་ལྷན་དུ་ཧོང་ཀོང་ནང་གནས་སྤོར་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༢ ལོར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འབོད་འགུག་བྱས་པ་བཞིན་ཨ་རིར་གནས་སྤོར་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༡ པོའི་བར་ཨ་རིའི་གསང་བའི་ལས་ཁུངས་ནས་ཁོ་ལ་གསང་བའི་ཞིབ་འཇུག་གིས་མཐར་འཛིན་བཟུང་བྱས་ཡོད་པ་མ་ཟད། ཉུང་མཐར་ཡང་བཙོན་འཇུག་ཁྲིམས་ཆད་ལོ་ ༡༠ གཅོད་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག

 ཨ་རི་དང་རྒྱ་ནག་བར་གསང་ཉུལ་བའི་འཐབ་རྩོད་ཅིག་འགྲོ་དང་འགྲོ་མུས་ཡིན་པ་དང་། ཨ་རིའི་ཕྱོགས་ནས་རྒྱ་ནག་གིས་ཨ་རིར་གསང་ཉུལ་བ་བཏང་སྟེ་ཨ་རིའི་དམག་སྲིད་དང་འབྲེལ་བའི་འཕྲུལ་ཆས་དང་། ཨ་རིའི་ཚོང་གཉེར་བཟོ་གྲྭ་ཁག་གི་ཚོང་ལས་གནས་ཚུལ་སོགས་གསང་བའི་ཐོག་ནས་འཚོལ་སྡུད་བྱས་ཏེ་རྒྱ་ནག་གི་ཕུགས་རྒྱང་རིང་བའི་དམག་སྲིད་ལས་དོན་ཁག་ལ་རྒྱབ་རྟེན་དང་། དཔལ་འབྱོར་འཛུགས་སྐྲུན་སོགས་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༥/༠༩

Leave a Reply