༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སློབ་ཆེན་ནས་ཕལ་ཆེར་མཐར་ཕྱིན་ཚར་ཡོད་ཟེར།

བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་པདྨ་དབང་འདུས་ཀྱིས་རྣམ་པ་འགྱུར་བའི་བོད་རང་བཙན་རྩོད་ལེན་བྱེད་པའི་དབུ་མའི་ལམ་ལ་རྒྱ་ནག་གཞུང་ནས་དང་ལེན་བྱེད་ཀྱི་མེད་ལ། བོད་ལྗོངས་མི་མང་གིས་ཀྱང་དང་ལེན་བྱེད་ཀྱི་མེད་ཟེར།བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་པདྨ་དབང་འདུས་ཀྱིས་སྣེ་འཁྲིད་པའི་ལྷོ་ཁ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང་། བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་དང་། ཕྱི་སྡོད་བོད་ཀྱི་དོན་གཅོད་ཁང་གི་འགན་འཛིན་གཞོན་པ་སོགས་བོད་རང་སྐྱོང་ལྗོངས་ཀྱི་མང་ཆེན་འཐུས་མི་ཁག་ཅིག་ཁ་ན་ཌའི་ནང་དུ་སྐོར་སྐྱོད་དུ་བསླེབས་ཡོད་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༩ ཉིན་ཁ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ནང་བོད་དོན་སྐོར་ལ་ཉན་ཞིབ་ཚོགས་འདུ་ཞིག་བསྡུས་ཡོད་པ་དང་། ཉན་ཞིབ་ཚོགས་འདུའི་ཐོག་པདྨ་དབང་འདུས་ཀྱིས་བོད་རང་བཙན་གྱི་ལྟ་བ་དོར་ཞིང་། རྒྱ་ནག་རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་འགུལ་སྤེལ་གྱི་མེད་པའི་ཕྱི་སྡོད་བོད་མི་རྣམས་ག་དུས་ཡིན་ནའང་བོད་ལ་ལོག་པར་དགའ་བསུ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

དེ་ཡང་ཉན་ཞིབ་ཀྱི་ཚོགས་འདུ་དེའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་དམངས་ཆེན་འཐུས་མི་དང་ལྷ་ས་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་པདྨ་དབང་འདུས་ཟེར་བ་དེས། བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞིང་། ཕྱི་ལོ་ ༡༩༥༠ ཙམ་ནས་བོད་ལ་ཞི་བའི་བཅིངས་གྲོལ་བཏང་ཡོད་པ་དང་། ད་ལྟ་སྲིད་འབྱོར་རིག་གསུམ་གྱི་ཐད་ཧ་ཅང་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་སྐོར་སྙན་སྒྲོན་ཞུས་རྗེས། ཁ་ན་ཌའི་གྲོས་ཚོགས་འཐུས་མི་གྷར་ནི་ཊི་ཇི་ནོ་སི་(Gernett Genuis)ལགས་ཀྱིས། འཐུས་ཚབ་ཚོགས་ཆུང་དེས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཡིན་ལུགས་བརྗོད་ཀྱི་ཡོད་ཀྱང་ཚོགས་ར་དེའི་ནང་གཏམ་བཤད་བྱེད་སྐབས་རྒྱ་སྐད་ཀྱི་ཐོག་ནས་གཏམ་བཤད་བྱེད་ཀྱི་ཡོད་པ་དང་། བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གཞུང་གི་བཅའ་ཁྲིམས་གཞིར་བཟུང་བོད་སྐད་ཡིག་སྲུང་སྐྱོབ་དགོས་སྐོར་བཤད་པ་ཙམ་གྱིས་ཁོང་ལ་ཁྲིམས་ཆད་ལོ་ ༡༥ ཕོག་ཉེན་ཡོད་པའི་གནས་སྟངས་ཆགས་བསྡད་ཡོད་པ་དང་། འདི་ལོར་(Freedom House)རང་དབང་ཁང་པས་བོད་ནི་འཛམ་གླིང་ནང་རང་དབང་གི་གནས་སྟངས་སྐྱོ་ཤོས་ཨང་གཉིས་པ་ཡིན་པ་བརྗོད་ཡོད་སྟབས། ཁོང་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་ག་འདྲ་ཡིན་མིན་ཤེས་འདོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁ་ན་ཌའི་མི་སྣ་བོད་ནང་འགྲོ་བར་ཐོངས་མཆན་སྤྲོད་ཀྱི་མེད་པས་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་ཐབས་བྲལ་ཡོད་སྐོར་གསུངས་པར་པདྨ་དབང་འདུས་ཀྱིས། རྒྱ་ནག་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་པས་ཁྲིམས་ཀྱིས་བཀག་སྡོམ་བྱས་ཡོད་ཚེ། ཁྲིམས་འགལ་ནག་ཉེས་བསགས་པའི་བདེན་དཔང་ཞིག་ཡོད་རྒྱུ་རེད། ཁྱེད་རང་གིས་བཤད་པའི་མི་དེའི་སྐོར་ངས་གསལ་པོ་ཤེས་ཀྱི་མེད་ཀྱང་། རྒྱ་ནག་ནི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་པས་བཅའ་ཁྲིམས་ཀྱི་བདེན་པ་ཡོད་པར་ང་རང་ཡིད་ཆེས་ཡོད། ཅེས་དང་། སྔར་ནས་བོད་ལྗོངས་ཕྱི་ཕྱོགས་སུ་སྒོ་འབྱེད་བྱས་བཞག་ཡོད་པས་རྒྱལ་ཕྱི་ནང་གི་མགྲོན་པོ་མི་ཉུང་བ་ཞིག་བོད་ལྗོངས་སུ་ཡོང་གི་ཡོད་པ་རེད་ལ། ང་ཚོས་དགའ་བསུ་ཞུ་ཡི་ཡོད། འོན་ཀྱང་། བོད་ལྗོངས་ནི་དམིགས་བསལ་གྱི་ས་ཁུལ་ཞིག་ཡིན་པ་དང་། མཐོ་སྒང་གི་ས་ཁུལ་དེར་ཕྱིན་པ་དང་། ནང་ལོགས་ཀྱི་ས་ཁུལ་དུ་ཕྱིན་པ་གཉིས་འདྲ་ཡི་མ་རེད། མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་ལྟར་ང་ཚོ་བོད་ལྗོངས་ཀྱི་ཁྱད་ཆོས་དང་མཐུན་པའི་གཏན་འབེབས་རེ་ཡོད་སྲིད་པ་རེད་དེ། དེས་བོད་ལྗོངས་ནང་འགྲོ་བར་ཤུགས་རྐྱེན་ཡོང་གི་མ་རེད། ཁྱེད་རང་ཚོ་ཚང་མ་བོད་ལྗོངས་སུ་འགྲོ་བའི་གོ་སྐབས་ཤར་བར་ང་རང་ཡིད་ཆེས་ཡོད། ང་ཚོ་དང་གོ་ལ་སྤྱི་ཡོངས་ལ་མཛའ་འབྲེལ་ཡོད་པའི་བློ་མཐུན་རྣམས་ལ་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། ཡིན་ནའང་། རྒྱལ་ཁབ་ཁ་བྲལ་གཏོར་བཤིག་གཏོང་མཁན་ལ་ང་ཚོ་བོད་ལྗོངས་མི་མང་གིས་དགའ་བསུ་ཞུ་རྒྱུ་མིན། ཞེས་ལན་འདེབས་བྱས་འདུག

ཡང་གྲོས་ཚོགས་འཐུས་མི་གྷར་ནི་ཊི་ཇི་ནོ་སི(Gernett Genuis) ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་བའི་༧པཎ་ཆེན་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ ཐོག་ཁོང་གི་ཁྱིམ་མི་དང་ལྷན་དུ་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ཡོད་པ་དང་། ཉེ་སྔོན་ང་ཚོས་ཁོང་དགུང་གྲངས་ ༢༩ ཕེབས་པའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་ཀྱང་། ང་ཚོས་ཁོང་སྐུ་འཚོ་བཞུགས་ཡིན་མིན་ཙམ་ཡང་ཤེས་ཀྱི་མི་འདུག་པས། ཁོང་སྐུ་འཚོ་བཞུགས་ཡིན་མིན་དང་། ཁོང་གི་ཡབ་ཡུམ་གཉིས་སྐུ་འཚོ་བཞུགས་ཡིན་མིན། སྐུ་འཚོ་བཞུགས་ཡིན་ན་གང་དུ་ཡོད་པ་དང་། རྒྱལ་སྤྱིའི་རང་དབང་ལྡན་པའི་མགོ་འཁྲིད་ཚོས་ཁོང་ཚོར་ཐུག་འཕྲད་ཞུ་ཐུབ་མིན་དྲིས་པར་པདྨ་དབང་འདུས་ཀྱིས། ཁྱེད་ཀྱིས་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་བཤད་ཀྱི་ཡོད་པ་རེད་བཱ། ང་ཚོས་བལྟས་ན་ཁོང་ནི་བོད་ལྗོངས་ཀྱི་འབངས་མི་དཀྱུས་མ་ཞིག་ཡིན་ལ། ཁོང་གིས་མི་མང་དཀྱུས་མ་ཞིག་གི་མི་ཚེ་སྐྱེལ་ཏེ། དེང་དུས་ཀྱི་ཤེས་ཡོན་སློབ་གསོ་མྱངས་ནས་ད་ལྟ་ཕལ་ཆེར་སློབ་ཆེན་མཐར་ཕྱིན་ཡོད་རྒྱུ་རེད། ཁོང་གིས་འཚོ་བ་ཧ་ཅང་ཡག་པོ་སྐྱེལ་གྱི་ཡོད་པ་རེད། གནད་དོན་འདི་འདྲ་ཞིག་གི་ནང་ཚུད་པ་ལ་བརྟེན་ནས་ཁོང་གིས་ཁོང་དང་ཁོང་གི་ཁྱིམ་མི་རྣམས་ལ་ཕྱི་ལོགས་ནས་བར་ཆད་བཟོ་བར་འདོད་པ་ཡོད་མ་རེད།  གལ་སྲིད་དངོས་སུ་མཐོང་བ་ཡིན་ན་ཁོང་གིས་འཚོ་བ་ཡག་པོ་སྐྱེལ་གྱི་ཡོད་པ་ཁྱེད་རང་གིས་མཐོང་གི་རེད། ཅེས་བརྗོད་འདུག

དེ་བཞིན་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་ཨེ་རི་ཧྥོ་ཝེ་ནི་(Arif Virani) ལགས་ཀྱིས། བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་སྐབས་ཁྲིམས་ཀྱི་ཐག་གཅོད་ག་རེ་བྱུང་ཡོད་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གཞུང་གི་ཁྲིམས་ལྟར་སྐད་ཡིག་སྲུང་སྐྱོབ་བྱས་ན་ཅིའི་ཕྱིར་ཁ་བྲལ་རིང་ལུགས་པའི་ནག་ཉེས་ཕོག་པ་ཡིན་དྲིས་པར་པདྨ་དབང་འདུས་ཀྱིས། མི་དེས་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་གི་མིང་ཐོག་ནས་ཁ་བྲལ་གཏོར་བཤིག་བཏང་བའི་ནག་ཉེས་བཟོས་པའི་བདེན་དཔང་མེད་ན། ཁོ་ལ་ང་ཚོས་ནག་ཉེས་འགེལ་སྲིད་ཀྱི་མ་རེད། དོན་དངོས་ཀྱི་གནོད་སྐྱོན་བཟོས་པ་ར་འཕྲོད་བྱུང་བར་བརྟེན་ཁོ་ལ་ནག་ཉེས་བཙུགས་པ་རེད་མ་གཏོགས། ཁོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱས་ཏེ་ནག་ཉེས་བཙུགས་པ་རེད་ཟེར་གྱི་མེད། ཅེས་བརྗོད་འདུག

ཡང་གྲོས་ཚོགས་འཐུས་མི་ཨེ་རི་ཧྥོ་ཝེ་ནི་ལགས་ཀྱིས། པདྨ་དབང་འདུས་ནས་༧པཎ་ཆེན་ཡང་སྲིད་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་སྐོར་གསལ་པོ་བཟོས་ཡོད་པ་ལྟར། འཆར་ཟླའི་ནང་ཁ་ན་ཌའི་གནད་ཡོད་མི་སྣ་དང་ཡང་ན་རྒྱལ་སྤྱིའི་རང་དབང་ལྡན་པའི་སྐུ་ཚབ་ཀྱིས་ཁོང་ལ་མཇལ་བཅར་ཞུ་ཐབས་ཡོད་མེད་དྲིས་པར་པདྨ་དབང་འདུས་ཀྱིས། ཁོང་བདེ་བདེ་སྐྱིད་སྐྱིད་ཀྱིས་འཚར་ལོངས་བྱུང་སྟེ། དེང་དུས་ཀྱི་སློབ་གསོ་མྱོང་གི་ཡོད་པ་རེད། ང་ཚོས་ཁོང་དང་ཁོང་གི་ཁྱིམ་མིའི་རེ་འདོན་ལ་བརྩི་བཀུར་བྱེད་དགོས་པ་རེད། དེ་རིང་ང་ཚོས་བཤད་བཞིན་པ་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་རེད། གལ་སྲིད་ཁོང་རང་དང་ཁོང་གི་ཁྱིམ་མིས་ཕྱི་ཕྱོགས་ཀྱི་བར་ཆད་ཕོག་པར་འདོད་པ་མེད་ན་ང་ཚོས་ཁོང་རྣམས་ཀྱི་བསམ་ཚུལ་ལ་བརྩི་བཀུར་བྱེད་དགོས་པ་རེད། འདིར་བཞུགས་ཀྱི་ཁ་ཤས་རེ་ནས་ང་ངེས་པར་དུ་སོང་ནས་ཁོང་ལ་ཐུག་གི་ཡིན། ཁོང་སྤྱི་ཚོགས་ཐོག་འདོན་གྱི་ཡིན་ལབ་ན། ཕྱོགས་གཉིས་ཀས་ངེས་པར་དུ་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་རེད་བསམ་གྱི་འདུག ཅེས་ཟེར།

ཡང་འཐུས་མི་ཨེ་རི་ཧྥོ་ཝེ་ནི་ལགས་ཀྱིས་དབུ་མའི་ལམ་གྱི་ཐོག་ནས་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་བར་འབྲེལ་མོལ་ཐེངས་དགུ་བྱུང་རྗེས་མཚམས་ཆད་ཡོད་པ་དང་། མ་འོངས་པར་འབྲེལ་མོལ་བསྐྱར་མཐུད་ག་འདྲ་ཡོང་ཐབས་ཡོད་དྲིས་པར་པདྨ་དབང་འདུས་ཀྱིས། དབུ་མའི་ལམ་གྱི་ཐོག་ནས་འབྲེལ་མོལ་ག་རེ་བྱས་ནས་མུ་མཐུད་དུ་ཡོང་མ་ཐུབ་པ་རེད་ཟེར་ན། དབུ་མའི་ལམ་གྱི་ངོ་བོ་ནི་ད་དུང་བོད་རང་བཙན་གྱི་ལངས་ཕྱོགས་འགྱུར་མེད་ཐོག་གནས་བསྡད་ཡོད་པ་རེད། ང་ཚོས་གཟབ་ནན་གྱིས་དབུ་མའི་ལམ་གྱི་འབོད་ཚིག་སོགས་ལ་བལྟས་པ་ཡིན་ན་འབྲེལ་མོལ་དགོས་པ་བཤད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་རྣམ་པ་འགྱུར་བའི་རང་བཙན་རྩོད་ཀྱི་ཡོད་པ་རེད། དེ་ཁྱེད་ཚོ་ཚང་མས་ཤེས་གསལ་རེད་བསམ་གྱི་འདུག མཐོ་རིམ་སློབ་གསོ་མྱོང་མཁན་དང་ཡང་ན་ཏོག་ཙམ་དཔྱོད་ཤེས་ལྡན་པ་ཞིག་ཡིན་ན་ཡག་པོ་བྱས་ནས་ནང་དོན་ལ་ཞིབ་འཇུག་ཅིག་བྱས་པ་ཡིན་ན། ཁྱེད་རང་གིས་དབུ་མའི་ལམ་ནི་རྣམ་པ་འགྱུར་བའི་རང་བཙན་ཞིག་ཡིན་པ་ཤེས་ངེས་རེད། ཐ་ན་དེའི་ནང་དུ་སྔོན་ཆད་གཏན་ནས་མེད་པའི་བོད་ཆེན་པོ་ཟེར་བའང་བཅུག་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་དང་ལེན་བྱེད་ཀྱི་ཡོད་པ་མ་རེད་ལ། ང་ཚོ་བོད་ལྗོངས་མི་མང་གིས་ཀྱང་དང་ལེན་བྱེད་ཀྱི་ཡོད་པ་མ་རེད། གཙོ་བོ་ཏཱ་ལའི་རུ་ཚོགས་ཟེར་བ་དེས་བཏོན་པའི་ཚད་མཐོའི་རང་སྐྱོང་ཡིན་ན་རེད། དབུ་མའི་ལམ་ཡིན་ནའང་རེད། ཁོང་ཚོས་ཤོར་ཟིན་པའི་བཀས་བཀོད་རྒྱུན་འཛིན་བྲན་གཡོག་ལམ་ལུགས་ཀྱི་དམིགས་བསལ་དབང་ཆ་རྩོད་ལེན་བྱེད་ཀྱི་ཡོད་པ་རེད། དེ་ལ་བོད་ལྗོངས་མི་མང་གིས་མོས་མཐུན་བྱེད་སྲིད་ཀྱི་མ་རེད། ངའི་རེ་བ་ཡིན་ན། བོད་དོན་ཐོག་བསམ་བློ་གཏོང་སྐབས་ཕྱོགས་ག་འདྲ་ཞིག་ཏུ་ལངས་ནས་བསམ་བློ་གཏོང་གི་ཡོད་པ་ཡིན་ནའང་། ཐོག་མར་ཁྱེད་རང་གིས་བོད་ལྗོངས་ཀྱི་ཞིང་འབྲོག་མི་མང་མང་ཆེ་བས་ག་རེ་དགོས་འདོད་བྱེད་ཀྱི་འདུག་དེ་ལ་བསམ་བློ་གཏོང་དགོས་པ་རེད། དེ་སྔོན་རྒྱལ་ཁབ་གཞན་གྱི་བློ་མཐུན་མང་པོ་བོད་ལྗོངས་སུ་ཡོང་ནས་དེའི་སྐོར་ལ་ང་ཚོས་གོ་བསྡུར་གཏིང་ཟབ་བྱས་པ་ཡིན། མི་མང་མང་ཆེ་བའི་རེ་བ་ག་རེ་རེད། ཁོང་ཚོའི་དགོས་འདུན་དང་རེ་སྨོན་ག་རེ་རེད། གནད་དོན་འདི་དག་དང་ཁ་གྱེས་ཏེ། མི་ཉུང་ཤས་ཤིག་གི་འཐུས་ཚབ་དང་བསམ་བློ་ཐལ་དྲགས་པ་ཞིག་གི་ཐོག་ནས་བོད་དོན་ལ་ཞིབ་འཇུག་བྱས་པ་ཡིན་ན་གྲུབ་དོན་ལེགས་པོ་ཞིག་འཐོན་ཐབས་མེད་ལ། ཕན་ཐོགས་ཀྱང་གང་ཡང་ཡོད་པ་མ་རེད། ལོ་འདི་ཚོར་བོད་ལྗོངས་ཀྱི་སྤྱི་ཚོགས་ཧ་ཅང་བརྟན་ལྷིང་རེད། རང་ལུས་མེར་སྲེག་གཏོང་མཁན་གཅིག་ཀྱང་བྱུང་ཡོད་པ་མ་རེད། བོད་ཀྱི་ས་གནས་གཞན་དུ་རང་ལུས་མེར་སྲེག་ཟེར་བ་དེ་ཚོ་རེ་གཉིས་བྱུང་ཡོད་ས་རེད། མདོར་དོན་ང་ཚོའི་རེ་བར་བོད་ལྗོངས་ཀྱི་དམའ་རིམ་མི་མང་མང་ཆེ་བའི་བསམ་བློའི་ནང་ག་རེ་བསམ་གྱི་འདུག ག་རེ་དགོས་དྲན་གྱི་འདུག དེ་ཚོ་ལ་ང་ཚོས་བསམ་བློ་མང་ཙམ་བཏང་བ་ཡིན་ན། བོད་དོན་ཐོག་ཡང་དག་པའི་ལྟ་སྟངས་ཤིག་ཡོང་གི་རེད། ཅེས་སོགས་བརྗོད་འདུག

ཡང་གྲོས་ཚོགས་འཐུས་མི་ལྕམ་ཧེ་ལེ་ནེ་ལཱ་ཝིར་ཌིར་(Helene Laverdiere)ལགས་ཀྱིས། བོད་ལྗོངས་ཀྱི་སྐུ་ཚབ་ཡིན་ཟེར་བའི་ཚོགས་ཆུང་དེས་ཁ་ན་ཌའི་ནང་ཡོད་པའི་བོད་རིགས་རྣམས་ལ་ཐུག་འཕྲད་བྱས་ཡོད་མེད་དང་། གལ་སྲིད་མེད་པ་ཡིན་ན་ཐུག་འཆར་ཡོད་མེད་དྲིས་པར་པདྨ་དབང་འདུས་ཀྱིས། དེ་རིང་ཉིན་གུང་འདི་རུ་ལས་གཉེར་འཚོ་སྡོད་བྱེད་བཞིན་ཡོད་པའི་བོད་རིགས་སྤུན་ཟླ་དང་ལྷན་དུ་འབྲེལ་མོལ་བྱུང་ལ། ང་ཚོས་ཁོང་རྣམས་ལ་སེམས་ཁུར་བྱེད་ཀྱི་ཡོད། རྒྱ་ནག་གཞུང་ནས་ཕྱི་སྡོད་བོད་མིར་བཟུང་བའི་སྲིད་བྱུས་ཀྱང་གཅིག་གྱུར་ཡིན། ང་ཚོ་རྒྱལ་གཅེས་ཁྱིམ་ཚང་དབྱེར་མེད་དང་རྒྱལ་གཅེས་རྒྱབ་མདུན་དབྱེར་མེད་ཡིན་པ་རེད། ཁོང་ཚོས་བོད་རང་བཙན་གྱི་ལྟ་བ་དོར་ཞིང་རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་འགུལ་མ་སྤེལ་བ་ཡིན་ན། ག་དུས་ཡིན་ཡང་ཕྱིར་རང་ཡུལ་དུ་ལོག་པར་ང་ཚོས་དགའ་བསུ་བྱེད་ཀྱི་ཡོད། ཕྱིར་ལོག་ནས་གཏན་སྡོད་བྱས་ན་འགྲིག་པ་རེད་ལ། གཉེན་ཉེ་ལ་ཐུག་འཕྲད་དུ་ཡོང་ནའང་འགྲིག་པ་རེད། ང་ཚོའི་རེ་བར་ཁོང་ཚོ་རང་རྒྱལ་ནས་ཁ་གྱེས་ཏེ་གཞན་ཡུལ་དུ་གནས་སྡོད་བྱེད་སྐབས། སོ་སོ་གནས་སྡོད་བྱས་ཡོད་པའི་རྒྱལ་ཁབ་དེའི་ཁྲིམས་ལ་བརྩི་བཀུར་བྱེད་དགོས་པ་རེད་ལ། རང་ཉིད་ཀྱི་ལག་ཟུང་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་བསྐྲུན་དགོས་པ་རེད། ཅེས་སོགས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༨/༠༥/༡༠

Leave a Reply

3 thoughts on “༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སློབ་ཆེན་ནས་ཕལ་ཆེར་མཐར་ཕྱིན་ཚར་ཡོད་ཟེར།

  1. ༄༅། སྐུ་ཁམས་བཟང་པད་མ་མཚོ་།
    ཁྱེད་རང་བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་ཡིག་འགན་འཛིན་ལ་བསྐོས་འདུག་པར་དགའ་བསུ་དང་
    སྙིང་ནས་བཀྲིས་བདེ་ལེགས་ཡོད། རང་མི་རིགས་ཀྱི་སྐད་ཡིག་ཤེས་ཚད་ཡག་པོ་འདུག་ བསྔགས་བརྗོད་ཡོད།
    སྐུ་གཟུགས་ལ་བདག་གཅེས་མཛོད།

  2. ལྷ་སའི་ཕོ་གསར།

    ཧམ་པ་རི་བཤད། བདེན་པ་ཤིག་ཐོབ་ཡིན་ནའང་ཆོག་གི །མདོ་དོན་ད་བར་བོད་རང་ནས་ཡོང་བའི་ལས་ཐོག་བོད་པའི་རྒྱ་དཔོན་ཚོས། ཕྱི་རྒྱལ་དུ་བོད་དོན་རྒྱབ་སྐྱོར་བ་དང་ལྷན་བོད་དོན་སྐོར་བཤད་པ་འདིས་དགའ་སྐྱོ་འདྲེས་མའི་སྣང་བ་ཞིག་སྦྱིན། ལྷག་པར་ཉེ་སྔོན་ལྷོ་བྱང་ཁོ་རི་ཡའི་དཔོན་ཆེན་གཉིས་པོའི་མཐུན་འབྲེལ་དེའི་རྒྱབ་ལྗོངས་དང་གྲུབ་འབྲས་ཇི་ཡོང་ངེས་དཀའ་ཡང་གནད་དོན་འདི་དག་གིས་དགའ་སྐྱོ་ཟུང་འབྲེལ་གྱི་སྣང་བ་ཞིག་དང་ལྷན་མགོ་ནག་བོད་མི་ཡོངས་ལ་རེ་བ་གསར་པ་ཞིག་ཅིས་མི་སྦྱིན། འོན་ཏེ་ད་བར་བོད་རེ་བས་ཕུང་རབས་མི་ཉུང་མོད། གོང་གི་རྒྱ་དཔོན་དེའི་གཏམ་ལ་གོ་བ་བླངས་ནས་རང་རེའི་མགོན་མཆོག་གཅིག་པུ་སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་དྲི་མེད། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་པའི་ལམ་བུ་དབུ་མ་མིང་དོན་མཚུངས་པ་ཞིག་ལས་རྣམ་པ་འགྱུར་བའི་རང་བཙན་ཟེར་བའི་ལྟ་སྟངས་དེ་གང་ལས་བྱུང་བ་ངེས་པར་བཙད་དགོས་སེམས།

  3. གཞུང་པ་ཚེ་དབང་བསོད་ནམས་།

    ཧཧཧཧམ་པ་རི་ཙམ་བཤད་ན་བདེན་པ་ཤིག་ཙམ་ཐོབ་ཟེར་བའི་གཏམ་དེ་བདེན་པ་རང་རེད་འདུག་སྙིང་རྗེ་བོད་མིར་སྐྱེས་ནས་རྒྱ་གཡོག་རྒྱུགས་མཁན་ཞིག་རེད་འདུག་ཧཧཧ།