རང་དབང་དང་དམངས་གཙོའི་ཆེད་དུ་འཐབ་རྩོད་བྱེད་དགོས་པ་ལས་རྔན་པ་ལྟར་སྤྲོད་མཁན་ཁྱོན་ནས་མེད།

སྤེལ་ཇམ་སྐུ་ཚབ་དོན་གཅོད་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་བོད་མིའི་གནས་སྟངས་ལ་གཟིགས་ཞིབ་ཏུ་ཕེབས་པ་དེར་བོད་མི་ཡོངས་ནས་བརྩི་བཀུར་དང་འབད་བརྩོན་ཆེན་པོས་སྤྱི་འགན་འཁུར་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མཱ་སི་མན་(Thomas Mann)མཆོག་དང་།  སྐུ་ཞབས་སག་སི་བྷ་སོ་གྷར་(Csaba Sogor)ལགས། དེ་བཞིན ར་མོན་ཊིར་མོ་ས་(Ramon Tremosa)ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་དྷ་རམ་ས་ལར་འབྱོར་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀྭ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་སྲི་ཞུའི་ལས་བྱེད་དང་བཅས་པས་ཕེབས་བསུའི་མཛད་སྒོ་ཚོགས་ཡོད་པ་དང་། ཕྱི་ཚེས་ ༩ སྟེ་རེ་གཟའ་ལྷག་པའི་ཉིན། སྐུ་ཚབ་ཚོགས་པ་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཇལ་འཕྲད་ཀྱིས་བཀའ་སློབ་ལམ་སྟོན་བསྩལ་གནང་ཡོད་པ་དང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ།  ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དེས་ཐེངས་འདིའི་འཚམས་གཟིགས་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

གསར་འགོད་གསལ་བསྒྲགས་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མཱ་སི་མཆོག་གིས། དེ་རིང་འདིར་མཉམ་འཛོམས་བྱུང་བར་དགའ་པོ་བྱུང་། ང་ཚོ་ཡུ་རོབ་གྲོས་ཚོགས་ཀྱིས་༧གོང་ས་མཆོག་གི་དབུ་འཁྲིད་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། དེའི་ཐོག་ཐེ་ཚོམ་གང་ཡང་མེད་པར་ང་ཚོ་ཕན་ཚུན་བར་ཉེ་བོ་ཆགས་ཡོད། ཁ་སང་ནི་ཕྱི་ཟླ་ ༥ ཚེས་ ༩ སྟེ། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དབུ་བརྙེས་པའི་སྐལ་བཟང་གི་ཉིན་མོ་དང་བསྟུན། ང་ཚོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་རྒྱུའི་གོ་སྐབས་བྱུང་། སྤྱིར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་བར་སྐྱབས་བཅོལ་བའི་དཀའ་ངལ་གཙོའི་ལས་དོན་སྒྲུབ་ཕྱོགས་ཐད་བསམ་ཚུལ་མི་མཐུན་པ་ཅུང་ཙམ་རེ་བྱུང་གི་ཡོད་ཀྱང་། དེ་ལས་ལྡོག་སྟེ། ཡུ་རོབ་མཐུན་ཚོགས་ནི་རང་དབང་དང་། འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་བརྩི་འཇོག་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་སྟབས། ང་ཚོས་ཡུ་རོབ་ཙམ་མ་ཟད། དམིགས་བསལ་ཡར་ཐོན་མེད་པའི་རྒྱལ་ཁབ་ཁག་ཏུ་ལས་ཀ་མེད་པ་དང་གཉའ་གནོན་གྱི་འོག་ཏུ་གནས་པ། དེ་བཞིན་སྤྱི་ཚོགས་ནས་ཕྱིར་འཕུད་བཏང་བ་སོགས་མི་ཚང་མར་འདྲ་མཉམ་གྱིས་རོགས་རམ་དང་གདུང་སེམས་མཉམ་སྐྱེད་བྱེད་འདོད་ཡོད་ལ།  དེ་ནི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྩ་བའི་སྒྲོམ་གཞི་ཡང་ཡིན། བོད་ཀྱི་གནས་སྟངས་ཐད་ཡུ་རོབ་གྲོས་ཚོགས་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སློབ་གསོ་བཅོས་སྒྱུར་གྱི་ལས་གཞིར་དགག་བྱ་བྱེད་ཀྱི་ཡོད། བོད་མི་ཚོར་སློབ་གསོའི་རང་དབང་དང་སྐད་ཡིག་རང་དབང་། དེ་བཞིན་སོ་སོའི་ཆོས་དང་རིག་གཞུང་སོགས་ཉམས་ལེན་བྱེད་པར་ཐོབ་ཐང་ཡོད་ལ། ང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་འཁྲིད་པའི་དབུ་མའི་ལམ་ལ་མང་མོས་ངོས་འཛིན་དང་རྒྱབ་སྐྱོར་བྱེད་མུས་ཡིན། ཞེས་གསུངས་སོང་།

དེའི་རྗེས་སྐུ་ཞབས་ག་སི་བྷ་སོ་གྷར་(Csaba Sogor )ལགས་ཀྱིས་རང་ཉིད་དམར་ཤོག་རྒྱལ་ཁབ་ཅིག་ནས་ཡོང་བའི་ཉམས་མྱོང་ངོ་སྤྲོད་དང་འབྲེལ། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་འཛིན་བཞིན་པའི་སྲིད་བྱུས་དེ་དག་ལ་ཧ་ཅང་རྒྱུས་མངའ་ཡོད་ལ།  ཁོ་རང་གི་ཕ་ཡུལ་རོ་མེ་ནི་ཡ་ད་ལྟ་དམར་ཤོག་མིན་ཡང་སྲིད་ཇུས་ལ་དེ་ཙམ་འགྱུར་བ་ཕྱིན་མེད་སྐོར་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་མཚོན་ནའང་ནོར་འཁྲུལ་མེད་པའི་སྒྲིག་འཛུགས་ཤིག་མ་རེད། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་གྲངས་ཉུང་མི་རིགས་ལ་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན།  ཡུ་རོབ་གྲོས་ཚོགས་ཀྱིས་ཡུ་རོབ་ནང་གནས་པའི་མི་འབོར་ས་ཡ་ ༥༠ ལྷག་གི་ཐོབ་ཐང་ཆེད་འབད་བརྩོན་བྱེད་བཞིན་ཡོད་སྐོར། དེ་བཞིན། ད་ལྟ་ནས་བོད་མི་ཚོས་འཕྲལ་སེལ་ཙམ་མ་ཡིན་པར་ཕུགས་རྒྱང་རིང་པོའི་ཆེད་གྲ་སྒྲིག་བྱ་རྒྱུ་གལ་ཆེན་ཡིན་པ་མ་ཟད། ནམ་ཞིག་རྒྱ་ནག་དམར་ཤོག་ཚོགས་པ་འཐོར་ཞིག་ཏུ་འགྲོ་བའི་ཉིན་དེར་གྲ་སྒྲིག་ཡོད་དགོས་སྐོར་སོགས་གསུངས་སོང་།

དེ་ནས་སྐུ་ཞབས་ར་མོན་ཊིར་མོ་ས་(Ramon Tremosa)ལགས་ཀྱིས། ང་ཚོས་བོད་ཀྱི་ལོ་རྒྱུས་ཤེས་ཀྱི་ཡོད་ཀྱང་ཁ་སང་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མི་ཚོས་དཀའ་སྡུག་ཇི་ཙམ་མྱངས་ཡོད་པའི་གནས་སྟངས་ཏེ། རྒྱ་ནག་གཞུང་གིས་བོད་མི་དམར་གསོད་བཏང་བ་དང་། བོད་མི་སྟོང་ཕྲག་མང་པོས་གོམ་པ་བརྒྱབས་ཏེ་རི་བོ་ཧི་མ་ལ་ཡ་བརྒལ་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པ་སོགས་ཀྱི་གནས་བབ་ཤེས་བྱུང་། སྐབས་དེར་ངའི་སེམས་ནང་ཇི་སྲིད་བོད་མི་རྣམས་ཀྱི་གཙོས་འཛམ་གླིང་གི་ས་གནས་གང་སར་གནས་པའི་མང་ཚོགས་ལ་རང་དབང་མེད་པ་ཡིན་ན་ངའི་རང་དབང་དེ་ཡང་རང་དབང་ཆ་ཚང་ཞིག་མིན་པའི་ངེས་པ་རྙེད་བྱུང་། ང་རང་བོད་ཀྱི་གྲོགས་པོ་ཞིག་ཡིན་པའི་ངོས་ནས་ངས་བོད་ལ་རང་བཙན་དགོས་ཀྱི་རེད་ཅེས་ཞུ་མ་ཐུབ་ཀྱང་། བོད་མི་ཚོར་རང་དབང་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སོགས་ངེས་པར་དུ་དགོས་ཀྱི་ཡོད། རང་དབང་དང་དམངས་གཙོའི་ཆེད་དུ་འཐབ་རྩོད་བྱེད་དགོས་པ་ལས་གཞན་གྱི་ལག་ནས་རྔན་པ་ལྟར་སྤྲོད་མཁན་ཁྱོན་ནས་མེད།  ད་ལྟའི་གདུག་རྩུབ་ཅན་གྱི་སྲིད་གཞུང་དེ་ཚོའི་བྱེད་སྟངས་ལ་ང་ཚོས་ངོ་རྒོལ་མ་བྱས་ཚེ། མི་རབས་རྒན་པ་རྣམས་རྫོགས་རྗེས་མི་རབས་གསར་པ་ཚོས་རང་དབང་དང་དམངས་གཙོ་སོགས་ཀྱི་ཆེད་འཐབ་རྩོད་བྱེད་དགོས་པ་ཆགས་ཀྱི་ཡོད། དེར་བརྟེན། མི་རབས་རྗེས་མ་ཚོར་དམངས་གཙོ་དང་རང་དབང་། དྲང་བདེན་བཅས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པའི་ཆེད་དུ། ང་ཚོས་ད་ལྟ་ནས་རིན་ཐང་དེ་དག་གི་ཆེད་དུ་འཐབ་རྩོད་བྱེད་དགོས་ཡོད། ཅེས་གསུངས་སོང་།

དེའི་རྗེས་གསར་འགོད་པས་སྤེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་སུ་སྐུ་ཚབ་ཚོགས་པ་དྷ་སར་ཕེབས་པའི་དགོས་དམིགས་ཅི་ཡིན་དྲིས་སྐབས་ཁོང་གིས། སྤྱིར་འཛམ་གླིང་སྤྱི་ཡོངས་ནས་དེང་རབས་ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་ཉེན་ཚབས་ཆེ་བའི་གནས་སྟངས་ཤིག་གི་ནང་ཡོད་པར་བརྟེན།  གསར་གཏོད་དང་འབྲེལ་བ་བསྐྱར་གསོའི་ལམ་ལུགས་ཐོག་ནས་དེ་སྔ་ཡོད་པའི་རྒྱལ་སྤྱིའི་འབྲེལ་ལམ་ལ་དོ་ཕོག་ཕྱིན་ཏེ་འབྲེལ་བ་བརྟན་པོ་མེད་པའི་འཛམ་གླིང་གི་གནས་སྟངས་འོག ང་ཚོ་བོད་ཀྱི་གནས་སྟངས་ཡང་དེར་འབྲེལ་ཡོད་ཅིག་ཆགས་བསྡད་ཡོད། དེ་བཞིན། འཛམ་གླིང་གི་གནས་སྟངས་དེ་འདྲ་ཞིག་གི་འོག རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འབྲེལ་ལམ་ལ་འགྱུར་བ་ཞིག་འགྲོ་ཡི་ཡོད། ད་ལྟ་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་སྟེང་འགན་འཁུར་མིན་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གསར་པ་ཞིག་ཆགས་ཀྱི་ཡོད་པར་བརྟེན། ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་འགྱུར་བ་འགྲོ་ཡི་ཡོད་པའི་གནས་སྟངས་ཤིག་ཆགས་འདུག དེ་དང་འབྲེལ་ཏེ་བོད་དང་རྒྱ་ནག་གི་འབྲེལ་ལམ་ཐོག  ང་ཚོས་གཟིགས་ཞིབ་དང་ཐུགས་ཞིབ་གནང་སྟེ་འཆར་གཞི་དང་ལས་དོན་སོགས་སྤེལ་དགོས་ཀྱི་ཡོད། རྒྱལ་སྤྱིའི་སྒང་རྒྱ་ནག་གི་སྟོབས་ཤུགས་དང་ནུས་ཤུགས་ལ་ཞེད་སྣང་དང་འཚེར་སྣང་ཞེ་དྲགས་བྱེད་བཞིན་པའི་སྐབས་འདི་འདྲ་ཞིག་ལ། ད་རེས་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་བཞུགས་སྒར་དྷ་སར་ཕེབས་ཏེ་བོད་མིའི་སྒྲིག་འཛུགས་གཙོས་ཚོགས་སྡེ་ཁག་ལ་ཐུག་འཕྲད་དང་གསར་འགོད་གསལ་བསྒྲགས་སོགས་སྤེལ་གྱི་ཡོད་པ་འདི། ཁོང་རྣམ་པས་བོད་ཀྱི་རྩ་དོན་ལ་དོ་སྣང་སྤྲོད་ཀྱི་ཡོད་པ་གསལ་སྟོན་གནང་ཡོད། ང་རང་ཚོའི་ངོས་ནས་འདི་ལས་ལྷག་ཅིག་བྱུང་ན་བསམ་པའི་རེ་བ་རྒྱག་ཆོག་གི་ཡོད་ལ་འབད་བརྩོན་ཡང་གནང་དགོས་ཡོད། འོན་ཀྱང་། ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་བར་གྱི་འབྲེལ་ལམ་གསར་གཏོད་ཀྱི་སྐབས་འདིར་རྒྱལ་སྤྱིའི་སྟེང་ང་ཚོའི་གནས་སྟངས་སྦས་གསང་དང་། རྡོག་རོལ་བཏང་བཞག་པ། དེ་བཞིན་གུས་བརྩི་མེད་པ་སོགས་མ་བྱས་པའི་ཐོག མུ་མཐུད་ནས་གླེང་སློང་བྱས་པ་དང་། རྣམ་འགྱུར་བསྟན་པ། རྒྱབ་སྐྱོར་ཡོད་པ་སོགས་ཀྱི་གཏམ་བཤད་སྤེལ་བ་དེར་བོད་མི་ཡོངས་ནས་བརྩི་བཀུར་དང་སེམས་ཤུགས་འཕར་བའི་ཐོག་བསམ་ཞིབ་ཀྱིས་འབད་བཙོན་དང་སྤྱི་འགན་འཁུར་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་བྱུང་།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༥/༡༠

Leave a Reply