ཨ་བྱང་གཉིས་སིང་གྷ་པུར་ནས་ཐུག་རྒྱུ་ཡིན་ཟེར།

ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་སིང་གྷ་པུར་གྱི་ནང་ཨ་རི་དང་བྱང་ཀོ་ར་ཡའི་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་དེ་གནང་རྒྱུ་ཡིན་པ་ཕལ་ཆེར་གཏན་འཁེལ་ཡོད་སྐོར་བསྒྲགས་འདུག

ཁ་སང་བྱང་ཀོ་རི་ཡས་ཀློད་གྲོལ་བཏང་བའི་ཨ་རིའི་ཆབ་སྲིད་བཙོན་པ་གསུམ་མཱ་རེ་ལན་ཊི་མངའ་སྡེའི་གནམ་ཐང་(Joint Base Andrews in Maryland)དུ་འབྱོར་བ་དང་བསྟུན། སྲིད་འཛིན་ཊོམ་ཕུ་དགའ་བསུར་ཕེབས་ཏེ། རླབས་ཆེན་གྱི་མི་གསུམ་དེ་ཕྱིར་ལོག་ཐུབ་པར་དགའ་བསུ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་དང་།  ཉིན་དེའི་དགོང་མོར་ཁོང་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊེ་ཊིར་ནང་བྱང་ཀོ་རི་ཡའི་མགོ་འཁྲིད་ཀིམ་ཇོང་ཨན་ལ་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་སིང་གྷ་པུར་ནང་ཐུག་འཕྲད་གནང་རྒྱུ་ཕལ་ཆེར་གཏན་འཁེལ་ཡོད་སྐོར་བསྒྲགས་འདུག

བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་བཟོ་མཚམས་འཇོག་པའི་གྲོལ་མོལ་ཆེད་ཨ་རི་དང་བྱང་ཀོ་རི་ཡའི་སྲིད་འཛིན་རྣམ་གཉིས་དངོས་སུ་ཐུག་འདོད་ཆེན་པོ་རྣམ་འགྱུར་འོག ཡུལ་གཉིས་ཀྱི་སྐུ་ཚབ་བར་ཐུག་འཕྲད་ཐེངས་མང་བྱུང་ཞིང་། ད་ལན་ཨ་རིའི་ཕྱི་འབྲེལ་མགྲིན་ཚབ་པ་བྱང་ཀོ་རི་ཡ་ནས་ཕྱིར་ཕེབས་མ་ཐག་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས། ཀིམ་དང་ངེད་གཉིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་སིང་གྷ་པུར་ནང་ཐུག་འཕྲད་བྱ་རྒྱུ་ཕལ་ཆེར་གཏན་འཁེལ་སོང་བ་དང་།  ངེད་གཉིས་ཀྱིས་འཛམ་གླིང་ཞི་བདེ་ཡོང་ཆེད་དུས་སྐབས་དེ་དམིགས་བསལ་ཞིག་ཏུ་བསྐྲུན་རྒྱུར་འབད་ངེས་ཡིན། ཞེས་གསུངས་འདུག

མགོ་འཁྲིད་གཉིས་ཐུག་འཕྲད་གནང་ཡུལ་དེ་ཕྱོགས་གཉིས་ཀྱི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་ཐད་དབུ་མར་གནས་པའི་རྒྱལ་ཁབ་ཞིག་ཡིན་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནང་མཚོན་དོན་རང་བཞིན་ལྡན་པ་ཞིག་ཡིན་དགོས་པ་གལ་ཆེན་དུ་མཐོང་གི་ཡོད་པ་དང་། དེ་སྔོན་སོག་པོ་དང་ལྷོ་ཀོ་རི་ཡ། སི་ཝེ་ཊན་དང་སུད་སིའི་རྒྱལ་ས་རྗེ་ནེ་ཝ་སོགས་ནང་ཐུག་འཕྲད་གནང་སྲིད་པ་ཨ་རིའི་ཕོ་བྲང་དཀར་པོས་གསུངས་ཡོད་པ་དང་། དེ་བཞིན་ལྷོ་བྱང་ཀོ་རི་ཡ་ས་མཚམས་སུ་ཡོད་པའི་ཞི་བདེ་ཁང་པ་ནི་མཚོན་དོན་རང་བཞིན་ལྡན་པ་ཞིག་མཐོང་གི་ཡོད་པ་བདུན་སྔོན་མར་ཊོམ་ཕུ་ལགས་ཀྱིས་གསུངས་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པ་ཚོས་ཨ་བྱང་གཉིས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་དེ་སིང་གྷ་པུར་ནས་གནང་རྒྱུ་ཡིན་སྐོར་བསྒྲགས་པ་དེར་རྒྱུ་མཚན་གསུམ་མཐོང་གི་ཡོད་འདུག གཅིག་ནས་ཨ་རི་དང་སིང་གྷ་པུར་གཉིས་བར་སྲིད་འཛིན་བྷོ་ཞི་མཆོག་གི་སྐབས་ནས་རང་དབང་ཚོང་འབྲེལ་ཆིངས་ཡིག་བཞག་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་སྲིད་འཛིན་ཨོ་བྷ་མ་མཆོག་གི་གཞུང་ནས་ཚོང་འབྲེལ་ཡར་བསྐྱེད་ཀྱིས་སིང་གྷ་པུར་ནི་ཨ་རིའི་གལ་ཆེན་ཚོང་རོགས་ཀྱི་ཐོ་གཞུང་ནང་བཞག་ཡོད་པ་དང་། དེ་ནས་ལོ་ ༣ གྱི་རྗེས་སིང་གྷ་པུར་གྱི་རྒྱལ་སྲུང་བདེ་འཇགས་ལ་ཨ་རིས་ཁས་ལེན་ཆིངས་ཡིག་བཞག་ཡོད་པ་རེད།

དེ་བཞིན་བྱང་ཀོ་རི་ཡ་དང་སིང་གྷ་པུར་རྒྱལ་ཁབ་གཉིས་བར་ཕྱི་ལོ་ ༡༩༧༥ ལོར་ཕྱི་འབྲེལ་ཆིངས་ཡིག་བཞག་ཡོད་པ་དང་། བྱང་ཀོ་རི་ཡའི་གཞུང་ཚབ་ཁང་ཡང་སིང་གྷ་པུར་གྱི་ནང་ཡོད་འདུག སྲིད་འཛིན་ཀིམ་ཀྱི་ཕ་གཅིག་སྤུན་མཆེད་ཀེམ་ཇོང་ནམ་ལོ་སྔོན་མར་མ་ལི་ཤི་ཡའི་རྒྱལ་སྤྱིའི་གནམ་ཐང་དུ་ལྐོག་གསོད་བཏང་རྗེས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ཅུང་སྡུག་དུ་ཕྱིན་ཡོད་ན་ཡང་རྩ་བའི་འབྲེལ་ལམ་མུ་མཐུད་ནས་ཡག་པོ་ཡོད་འདུག

སིང་གྷ་པུར་ནི་རྒྱལ་སྤྱིའི་གནད་དོན་ཐོག་དབུ་མར་གནས་མཁན་ཞིག་ཡིན་པ་ལྟར་རྒྱལ་སྤྱིའི་རྩོད་རྙོག་ལ་འདུམ་འགྲིག་བྱེད་པར་གྲགས་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡེན་ཇོ་གཉིས་ཀྱང་ཡུལ་དེའི་ནང་ཐུག་འཕྲད་གནང་ཡོད་པ་རེད།

སྔར་ལོ་ནས་ཨ་རིའི་གཞུང་གིས་ཨ་རིའི་ཆབ་སྲིད་བཙོན་པ་ ༣ གསུམ་ཀློད་གྲོལ་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། ད་བར་དུ་བྱང་ཀོ་རི་ཡ་གཞུང་གིས་ཉེས་མིང་འདྲ་མིན་འོག་ཀློད་མེད་པ་རེད། ད་ལན་ཀློད་གྲོལ་ཐོབ་པའི་བཙོན་པ་ཀེམ་ཊོན་ཆོལ་ནི་གསལ་ཉུལ་བའི་ཉེས་མིང་འོག ཕྱི་ལོ་ ༢༠༡༥ ཟླ་ ༡༠ འཇུ་བཟུང་བྱས་ཏེ་ལོ་ ༡༠ ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཀེམ་སང་ཊོག་ནི་ཕྱི་ལོ་ ༢༠༡༧ ཟླ་ ༤ ནང་བྱང་ཀོ་རི་ཡའི་གནམ་ཐང་དུ་སྲིད་གཞུང་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཡོད་པ་རེད། དེ་བཞིན། ཀེམ་ཧག་སོང་ནི་ཕྱི་ལོ་ ༢༠༡༧ ཟླ་ ༥ ནང་སྲིད་གཞུང་ལ་འོས་མིན་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད། ཁ་སང་ཁོང་ཚོ་གནམ་ཐང་དུ་འབྱོར་ཏེ་སྲིད་འཛིན་ཊོམ་ཕུ་ལགས་དང་སྐུ་ཟླ་མེ་ལཱ་ནི་ཡ་ལགས་གཉིས་ཆེད་དུ་བསུ་མ་གནང་བར་ཕེབས་པ་མ་ཟད། ཊོམ་ཕུ་ལགས་ཀྱིས་རླབས་ཆེན་གྱི་མི་འདི་གསུམ་ལ་དོ་དགོང་ནི་དམིགས་བསལ་བ་ཞིག་ཡིན་པ་དང་ཕྱིར་ལོག་ཐུབ་པར་དགའ་བསུ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

བསྐྱར་བཅོས།: ༢༠༡༨/༠༥/༡༡

Leave a Reply

One thought on “ཨ་བྱང་གཉིས་སིང་གྷ་པུར་ནས་ཐུག་རྒྱུ་ཡིན་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་།

    ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་འཁྲིད་ཀེམ་གཉིས་ཆབ་སྲིད་ཟློས་གར་ཁྲབ་པ་ལ་འཛམ་གླིང་མི་མང་རྒྱང་བལྟ་བྱས་ནས་བཞུགས་རོགས་ཧཧཧཧཧཧ