གཞིས་ཆགས་ཀྱི་ཞིང་སའི་ཐོག་སྒེར་གྱི་འཚོ་རྟེན་ཆེད་ག་རེ་བྱས་ནའང་ཆོག 

བཙན་བྱོལ་བོད་མིའི་ལག་ཤེས་སྦྱོང་བརྡར་ཁང་ཁག་གི་ཚོགས་འདུའི་སྟེང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་བཙན་བྱོལ་ནང་ལག་ཤེས་བཟོ་གྲྭ་དང་སྦྱོང་བརྡར་ཁང་མང་དག་ཅིག་ཡོད་ཀྱང་། སྔར་ནས་ཡོད་པའི་ལག་ཤེས་ཁག་ལས་དུས་ཀྱི་འགྱུར་འགྲོས་དང་མཐུན་པའི་ལག་ཤེས་གསར་པ་སྦྱོང་བརྡར་བྱེད་པར་དེ་ཙམ་གྱིས་བསམ་བློ་གཏོང་གི་མེད་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་༩།༣༠ སྟེང་བོད་མིའི་སྒྲིག་འཛུགས་ནང་སྲིད་ན་གཞོན་རོགས་སྐྱོར་ཚན་པའི་གོ་སྒྲིག་འོག གངས་སྐྱིད་བོད་ཁང་ཆེན་མོའི(T House)་ཚོགས་ཁང་ནང་དུ། བཙན་བྱོལ་བོད་མིའི་ལག་ཤེས་སྦྱོང་བརྡར་ཁང་ཁག་གི་སྐུ་ཚབ་མི་སྣ་ ༢༠ ལྷག་འཛོམས་ཏེ། ལག་ཤེས་སྦྱོང་བརྡར་ཁང་ཁག་གི་ཚོགས་འདུ་ཐེངས་དང་པོ་དབུ་འཛུགས་གནང་སོང་བ་དང་། ཚོགས་འདུ་དབུ་འབྱེད་ཐོག་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གི་དབུས་པའི་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་དང་དྲུང་འཕར་ཤོ་ཟུར་ཚེ་རིང་སྒྲོལ་མ་ལགས་བཅས་ཕེབས་འདུག

ཚོགས་འདིའི་ཐོག་མར་ནང་སྲིད་དྲུང་འཕར་ཤོ་ཟུར་ཚེ་རིང་སྒྲོལ་མ་ལགས་ནས་ཚོགས་འདུ་ཐེངས་དང་པོའི་ངོ་སྤྲོད་གསུང་བཤད་གནང་དོན། ང་ཚོ་དེ་རིང་འདིར་འཛོམས་དགོས་པའི་དམིགས་ཡུལ་གཙོ་བོ་ངོ་སྤྲོད་ཅུང་ཙམ་ཞུས་ན། རྩ་བའི་ང་ཚོར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ན་གཞོན་རོགས་སྐྱོར་རམ་འདེགས་མཁན་དང་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་སོགས་ཧ་ཅང་མང་པོ་ཞིག་ཡོད་པ་རེད། དེ་དག་གིས་ཀྱང་ཁུངས་སོ་སོ་ནས་མཐུན་སྦྱོར་རོགས་སྐྱོར་གནང་དང་གནང་བཞིན་པ་རེད། དེ་རིང་ང་ཚོ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་སོགས་འདིར་ཚོགས་འདུ་སྐོང་དགོས་དོན་གཙོ་བོ་ནི། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ལྔ་དང་ལྔ་བཅུའི་ལས་འཆར་ཆེན་པོ་ཞིག་འགྲོ་བཞིན་པ་ལྟར། དེ་རིང་གི་ཚོགས་འདུ་དེ་ཡང་ལྔ་དང་ལྔ་བཅུའི་ལས་འཆར་དང་འབྲེལ་བ་ཤུགས་ཆེན་པོ་ཆགས་ཡོད་པ་དང་། དེ་རིང་གི་ཚོགས་འདུ་འདི་བརྒྱུད་གཙོ་བོ་ང་ཚོ་འདིར་འཛོམས་པ་ཚོ་གཞུང་འབྲེལ་ཡིན་ན་རེད་གཞུང་འབྲེལ་མིན་པ་ཡིན་ནའང་རེད། ཉམས་མྱོང་ཅན་སོགས་མང་པོ་ཞིག་འཛོམས་ཡོད་པས་མ་འོངས་པར་ང་ཚོ་མུ་མཐུད་ལོ་ལྔ་བཅུ་ལ་ལྷག་པ་ཡིན་ན་ལྔ་དང་ལྔ་བཅུ་ལ་འཆར་སྣང་ག་རེ་ཡོད་མེད་གོ་སྡུར་སྦྱང་བཤད་དང་། དེ་བཞིན་ང་ཚོའི་དམིགས་ཡུལ་གཅིག་དང་འཐབ་རྩོད་གཅིག་རེད། དེ་ཚད་ལྡན་ཞིག་ཡོང་བར་ང་རང་ཚོས་ཤུགས་བརྒྱབ་ནས་ཉེན་ཁ་ག་རེ་ཡོད་པ་ད་ལྟ་ནས་གཟིགས་ཐུབ་པ་སོགས་ལ་བགྲོ་གླེང་གནང་རྒྱུ་དེ་གཙོ་བོ་ཞིག་ཆགས་བསྡད་ཡོད། ཅེས་བརྗོད་སོང་།

དེའི་རྗེས་ནང་སྲིད་བཀའ་བློན་མཆོག་ནས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་སྐབས། བཙན་བྱོལ་ནང་ལག་ཤེས་བཟོ་གྲྭ་དང་སྦྱོང་བརྡར་ཁང་མང་དག་ཅིག་ཡོད་ཀྱང་ཕན་ཚུན་འབྲེལ་བ་ཞན་པ་དང་ལག་ཤེས་ཁང་མང་ཆེ་བར་སྔར་ནས་ཡོད་པའི་ལག་ཤེས་ཁག་སྟེ་འཚེམ་བཟོ་དང་། སྐྲ་བཟོ་ལ་སོགས་པ་ལས་དེང་དུས་ཀྱི་འགྱུར་འགྲོས་དང་མཐུན་པའི་ལག་ཤེས་སྦྱོང་བརྡར་སྐྲུན་ཐབས་ལ་དེ་ཙམ་གྱིས་དགོངས་པ་མི་བཞེས་པའི་གནས་སྟངས་ཆགས་ཡོད་སྟབས། ད་རེས་འདི་ལྟར་ཕན་ཚུལ་བགྲོ་གླེང་ལྷུག་པོར་གནང་སྟེ་མ་འོངས་པའི་ལས་གཞིའི་ཐོག་ལ་འཆར་གཞི་འདིང་དགོས་པ་དང་། ཐབས་དང་འཆར་གཞི་བྱུང་ན་དཔལ་འབྱོར་གྱི་ཐོག་ནས་ཐུགས་འཁྲལ་གནང་དགོས་པ་མ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་ལ།  ལྔ་དང་ལྔ་བཅུའི་འཆར་སྣང་ནི་འབྱུང་འགྱུར་ལོ་ལྔའི་ནང་ལས་འཆར་གང་དང་གང་སྒྲུབ་དགོས་པ་དང་། མ་འོངས་ལོ་ལྔ་བཅུའི་ཆེད་ལས་འཆར་གང་དང་གང་རྩོམ་དགོས་མིན་གྱི་ལས་གཞི་ཡིན་པ་དང་། སྔར་རྒན་རབས་པ་ཚོས་སང་ལོ་གནངས་ལོ་བོད་དུ་ལོག་ཐུབ་པའི་རེ་བ་བྱས་ཏེ་རྒྱ་གར་དུ་སྡོད་རྩིས་ཀྱི་ཕུགས་རྒྱང་རིང་པོའི་འཆར་གཞི་འཇོག་མ་ཐུབ་པ་རེད། གལ་ཏེ་ཁོང་རྣམས་ཀྱི་གྲོས་སྡུར་དང་འཆར་གཞི་འཐེན་ཡོད་པ་ཡིན་ན། ད་ཆའི་སྤྱི་ཚོགས་ཀྱི་གནས་སྟངས་ནི་འདི་ལས་ལྷག་པ་ཞིག་ཡོང་ངེས་པ་རེད།  བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་(TED)ཡིས་བོད་པ་ཆེད་ལས་ཚོང་པ་རྣམས་ལ་ཟབ་སྦྱོང་དང་མ་རྩ་རམ་འདེགས། དེ་བཞིན་ནང་སྲིད་ལས་ཁུངས་ཀྱིས་དངུལ་ཁང་མིན་པའི་ངོ་བོའི་ཐོག་ནས་དངུལ་ཁང་གི་བྱ་ལས་མཐའ་དག་བྱེད་ཐུབ་པའི་ཚོགས་པ་(Tibetan Financial Company)བཙན་བྱོལ་བོད་མིའི་དཔལ་འབྱོར་སྡེ་ཚན་གྱིས་སྐྱེད་ཀ་མེད་པའི་ཐོག་ནས་དངུལ་གཡར་བཞིན་ཡོད་པ་རེད། སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་(SARD)ཀྱང་དེ་མཚུངས་རོགས་རམ་བྱེད་ཀྱི་ཡོད་པ་དང་།  བོད་མིའི་མདུན་ལམ་སློབ་སྟོན་ཁང་གིས་བོད་ཀྱི་གཞོན་སྐྱེས་རྣམས་ལ་མདུན་ལམ་སློབ་སྟོན་དང་ལག་ཤེས་སློབ་བཞིན་པ་སོགས་ཀྱི་ལས་གཞི་འགྲོ་བཞིན་ཡོད་པ་རེད།  ཅེས་གསུངས་སོང་།

གཞིས་ཆགས་ཁག་གི་ཞིང་ས་བེད་སྤྱོད་སྐོར་ལ་ཁོང་གིས། དེ་སྔ་རྒྱ་གར་གཞུང་གིས་བོད་མི་བཙན་བྱོལ་བ་ཚོར་ཞིང་ཁ་གནང་སྦྱིན་བྱུང་བ་དག་ཞིང་ལས་མ་གཏོགས་གཞན་གང་གི་ཆེད་དུའང་སྤྱོད་མི་ཆོག་པའི་བཀའ་རྒྱ་ཡོད་ན་ཡང་།  ཐེངས་འདིར་ལྔ་དང་ལྔ་བཅུའི་འཆར་སྣང་འོག་རྒྱ་གར་གཞུང་ལ་བཀའ་འཁྲོལ་ཞུས་ཏེ། ཞིང་ས་དེ་དག་ད་ནས་བཟུང་སྒེར་གྱི་འཚོ་རྟེན་ཆེད་དུ་བཟོ་གྲྭ་དང་ཡང་ན་ཕྱུགས་རྭ། བྱ་ཁང་སོགས་འཛུགས་ཆོག་པའི་བཀའ་འཁྲོལ་ཐོབ་ཡོད་པས་ད་རེས་ཟབ་སྦྱོང་གི་གྲུབ་འབྲས་ལེགས་སོན་བྱུང་བ་དང་འདི་ནས་བཏོན་པའི་ལས་གཞི་དག་རང་སར་འབྱོར་ནས་ལག་ལེན་ཏུ་བསྟར་ཐུབ་པའི་རེ་བ་ཡོད་སྐོར་གསུངས་སོང་།

མཇུག་ཏུ་གསར་འགོད་པས་ན་གཞོན་རོགས་སྐྱོར་ཚན་པའི་འགན་འཛིན་ཐུབ་བསྟན་རིག་འཛིན་ལགས་སུ། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་ག་རེ་ཡིན་སྐོར་དྲིས་པར་ཁོང་གིས། སྒྲིག་འཛུགས་ཡིན་པའི་ཆ་ནས་བོད་མིའི་སྒྲིག་འཛུགས་ལ་བོད་དོན་ཆེད་འགན་ཆེ་ཤོས་ཡོད་དུས་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་ཆེད་འདི་ལྟ་བུའི་ཚོགས་ཆེན་སྐོང་བ་དང་། དེ་བཞིན་ན་ནིང་མུམ་བྷེ་རུ་རྟེན་གཞི་བྱས་པའི་(INTELLECAP) ཞེས་པའི་ཚོགས་པའི་ཆེད་ལས་པས་བཙན་བྱོལ་བོད་མིའི་ལག་ཤེས་བཟོ་ལས་ཁང་ཁག་གི་ལས་ཤུགས་གོང་འཕེལ་ཐོག་ལ་ཞིབ་འཇུག་བྱས་ཡོད་པ་དང་། གལ་ཏེ་མ་འོངས་པར་བཀའ་ཤག་གིས་བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་གཏོང་ཕྱོགས་སྐོར་ལ་སྲིད་ཇུས་གཏན་འབེབ་བྱ་དགོས་པ་བྱུང་ན་ད་ཐེངས་འདི་ནས་ས་བོན་བསྡུ་རུབ་བྱེད་པའི་དགོངས་འཆར་བསྡུ་རྒྱུ་དང་། དེ་བཞིན་ལག་ཤེས་བཟོ་ལས་ཁང་ཁག་ནས་ཐོན་པའི་སློབ་མ་ཚོས་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ཀྱི་རོགས་རམ་ཇི་ལྟར་ལེན་ཐུབ་མིན་སོགས་ཀྱི་སྐོར་ལ་གོ་སྡུར་གནང་གི་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག་དང་ནོར་བུ་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༠༥/༡༡

Leave a Reply

4 thoughts on “གཞིས་ཆགས་ཀྱི་ཞིང་སའི་ཐོག་སྒེར་གྱི་འཚོ་རྟེན་ཆེད་ག་རེ་བྱས་ནའང་ཆོག 

  1. ཚིག་ལ་མ་ལྟོས་གོ་བ་ལ་ལྟོས་ཞེས་གསུངས་འགྲོས་ཡོད་པས་བྱ་ཁང་ཞེས་བྱ་གསོ་ཁང་མིན། ཇ་ཁང་ཡིན་པ་འདྲ།

    1. པ་སངས་ལགས་ལན་གོང་དུ་ཕུལ་ཡོད། བོད་ཀྱི་དུས་བབས་དྲ་ཚིགས་སྟེང་ཁྱེད་རང་གི་ཡིག་འབྲུ་ཁ་ཤས་མཐོང་བས་གནས་ཚུལ་བཀླག་རྒྱུར་དགའ་མོས་ཡོད་པ་འདྲ།

  2. “བྱ་ཁང་སོགས་འཛུགས་ཆོག་པའི” འདི་ཡིག་ནོར་རེད་དམ་ཡང་ན་ཚིག་བཞིན་དོན་གོ་ཆོག་པ་རེད་དམ།

    ཡིག་ནོར་མིན་ན་བྱ་གསོ་ཁང་ལྟ་བུ་འཛུགས་པར་བཀའ་སློབ་རིམ་དང་ནང་ཆོས་དང་མི་མཐུན་པའི་བསམ་ཚུལ་ཡོད་པ་རེད།

  3. ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། “སྔར་རྒན་རབས་པ་ཚོས་སང་ལོ་གནངས་ལོ་བོད་དུ་ལོག་ཐུབ་པའི་རེ་བ་བྱས་ཏེ་རྒྱ་གར་དུ་སྡོད་རྩིས་ཀྱི་ཕུགས་རྒྱང་རིང་པོའི་འཆར་གཞི་འཇོག་མ་ཐུབ་པ་རེད། གལ་ཏེ་ཁོང་རྣམས་ཀྱི་གྲོས་སྡུར་དང་འཆར་གཞི་འཐེན་ཡོད་པ་ཡིན་ན། ད་ཆའི་སྤྱི་ཚོགས་ཀྱི་གནས་སྟངས་ནི་འདི་ལས་ལྷག་པ་ཞིག་ཡོང་ངེས་པ་རེད།” ཅེས་གསུངས་འདུག སྔ་མའི་རྒན་རབས་པ་ཚོའི་གྲས་ན་༸གོང་ས་མཆོག་ཀྱང་ཡོད་པ་རེད། ད་བཀའ་བློན་འདི་ཚོས་ཅི་བཤད་འདི་བཤད་ཞིག་མེད་པ་འདྲ།