སྐྱེས་པའི་ཐབས་དང་བུད་མེད་ཀྱི་ཡོན་ཏན་ཟུང་འབྲེལ་ཐོག་མ་འོངས་མི་རབས་གསར་པ་རྒྱུན་སྐྱོང་གནང་གལ་ཆེ།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་བུད་མེད་ཚོས་འབྱུང་འགྱུར་ནུབ་ཕྱོགས་པའི་ལད་ཟློས་བྱས་ཏེ་བུད་མེད་ཀྱི་ཐོབ་ཐང་རྩོད་པའི་ཚབ་ལ་བུད་མེད་ཀྱི་ལས་འགན་རྗེས་ལུས་མ་ཐེབས་པ་བྱེད་རྒྱུའི་བསམ་ཚུལ་དེ་ངེས་པར་དུ་ཤུགས་ཆེ་རུ་གཏོང་གལ་ཆེ་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བཞུགས་སྒར་ཉེ་འཁྲིས་ས་ར་བོད་ཀྱི་མཐོ་སློབ་ཚོགས་ཁང་དུ། དབུས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པ་མགོ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་དང་བཙུན་མའི་ལས་འཆར་འགན་འཛིན་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་དང་། སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས། གཞན་ཡང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་། ས་གནས་ཁག་ ༣༧ ནས་ཕེབས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཐུས་མི་ ༡༩༢ འཛོམས་འདུག་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་དཔར་བསྐྲུན་ཞུས་པའི་༧པཎ་ཆེན་སྐུ་ཕྲེང་ ༡༠ པ་མཆོག་གི་ཡིག་འབྲི་ཁྲི་བདུན་དབྱིན་སྒྱུར་ཞུས་པའི་དེབ་ཅིག་དང་། ནང་ཆོས་ངོ་སྤྲོད་ཀྱི་དེབ་ཅིག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ས་གནས་ཡན་ལག་ཁག་གི་ལོ་རྒྱུས་དེབ་ཅིག་བཅས་དབུ་འབྱེད་གནང་སོང་བ་དང་། དེ་བཞིན་ཅན་ཌི་སྒར་དུ་གནས་སྡོད་ལོ་མང་རིང་ནད་པར་རོགས་རམ་ཞབས་ཞུ་གནང་མཁན་ཨ་ཅག་ཚེ་རིང་སྒྲོལ་དཀར་སྤུན་གཉིས་ལ་ཆེ་བསྟོད་ཀྱི་ཕྱག་རྟགས་ཤིག་གནང་སོང་།

མཛད་སྒོའི་ཐོག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་འདས་པའི་ལོ་ངོ་གསུམ་རིང་གི་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། ཧོན་སོར་རབ་རྒྱས་གླིང་གཞིས་ཆགས་སུ་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༡ པའི་ཐོག་གྲོས་ཆོད་བཞག་པ་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་  ༡༣ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱི་ཚོགས་མི་ ༡༠༠ ལྷག་ནས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བྱམས་བརྩེའི་སློབ་དཔོན་ཞེེས་པའི་གཟེངས་རྟགས་ཤིག་ཕུལ་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་མགོན་པོ་གང་ཉིད་སྐུ་ཚེ་ཡུན་དུ་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུ་བའི་སྐལ་བཟང་གི་གོ་སྐབས་བྱུང་ཡོད་སྐོར། དེ་བཞིན་བཙུན་དགོན་སྒྲོལ་མ་གླིང་དུ་སྒྲོལ་མའི་སྐུ་རྟེན་ ༡༧༥ དང་། དགེ་བཤེས་མ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་སྒྲོལ་མའི་སྐུ་རེ་ཕུལ་ཡོད་པ། སྤྱི་ཚོགས་ཞབས་ཞུའི་ཐད་ནས་བུད་མེད་ལྷན་ཚོགས་ཀྱི་འཚེམ་བཟོ་སྦྱོང་བརྡར་ཐེངས་ ༡༦ པ་འགྲོ་བཞིན་ཡོད་ལ། ད་ཡོད་སྦྱོང་བརྡར་བ་རྣམས་ལ་ཟླ་རེར་ཧིན་སྒོར་ ༢༤༠༠ རེ་དང་། འཚེམ་བུ་ཡིག་ཚད་ལོན་པ་རྣམས་ལ་ལག་འཁྱེར་དང་འཚེམ་བུ་འཁོར་ལོ་རེ་སྤྲོད་ཀྱི་ཡོད་ལ། ད་ལྟའི་བར་དུ་ལས་གཞི་འདིའི་ཁྲོད་ཁྱོན་བུད་མེད་ ༡༤༠ ལ་སྦྱོང་བརྡར་ཐོབ་ཡོད་པ་དང་། ཉམ་ཐག་རྒས་གཅོང་རིགས་མི་གྲངས་ ༡༠༠ ལྷག་ཙམ་ལ་འཚོ་སྣོན་དང་། ཕྲུ་གུ་མང་པོ་དང་ཕྲུ་གུའི་སློབ་ཡོན་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་ ༡༠ ལ་འཚོ་སྣོན་དང་ལེགས་སྐྱེས་ཧིན་སྒོར་ ༡༥༠༠༠ རེ་སྤྲོད་ཀྱི་ཡོད་པ། ཕྱི་ལོ་ ༢༠༡༦ ལོར་ལྡི་ལིའི་ལལ་ཀེ་ལ་བོད་མིའི་ཁྲོམ་སར་མེ་སྐྱོན་བྱུང་བར་གདུང་སེམས་མཉམ་སྐྱེད་ཀྱིས་ཧིན་སྒོར་ ༦༩༣༩༥༠ ཞལ་འདེབས་སུ་ཕུལ་ཡོད་སྐོར། གཞན་ཡང་། སྦེལ་ཇམ་དང་མཚོ་པདྨ། དེ་བཞིན་རྡ་ར་ཝ་ལེ་བཅས་ས་གནས་གསུམ་ལ་བུད་མེད་ལྷན་ཚོགས་ཀྱི་ཡན་ལག་གསར་འཛུགས་བྱས་ཏེ། ད་ལྟའི་ཆར་ས་གནས་ཁག་ ༥༨ ནང་ཡན་ལག་བཙུགས་ཏེ་ཚོགས་མི་ ༡༧༠༠༠ ལྷག་ཡོད་པ་དང་། དབུས་སྤྱི་ཁྱབ་རྒྱུན་ལས་གྲངས་ ༥ དང་ལས་བྱེད་ ༥ བཅས་ཡོད་སྐོར་བརྗོད་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་ཀྱི་བུད་མེད་ལྷན་ཚོགས་གསར་འཛུགས་གནང་བའི་བརྒྱུད་རིམ་མདོར་བསྡུས་ཤིག་ངོ་སྤྲོད་གནང་བ་དང་འབྲེལ། རྒྱ་ནག་གིས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་དང་གྲྭ་བཙུན་ཇེ་ཉུང་དུ་བཏང་བ་ཁོ་ན་མ་ཡིན་པར་ཆོས་དང་རིག་གནས་བཅུ་ཡོངས་སུ་རྫོགས་པ་རྩ་མེད་གཏོང་གི་ཡོད་པར་བརྟེན། རྒྱལ་སྤྱིའི་སྒང་ཆོས་དང་རིག་གཞུང་གི་གལ་ཆེན་རང་བཞིན། དམིགས་བསལ་རིག་གནས་བཅུའི་གལ་གནད་སོགས་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་ཡིན་པ་དང་།  ལྷག་པར་དུ་བོད་མི་ཚོའི་ངོས་ནས་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཆེད་ག་རེ་བྱེད་དགོས་ཀྱི་ཡོད་མེད་སོགས་ཀྱི་ཐོག་གྲོས་བསྡུར་བྱུང་ན་ཡག་པོ་ཡོད་པ་རེད། ཅེས་དང་། བུད་མེད་ལྷན་ཚོགས་ནས་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་སྐབས་བོད་མིའི་སྒྲིག་འཛུགས་ལ་བཀའ་འདྲི་དང་རབ་བྱུང་ན་མཉམ་འབྲེལ་གྱི་ཐོག་ནས་ཕན་ཚུན་རམ་འདེགས་བྱེད་ཐུབ་ཆེད་དུ་གྲོས་བསྡུར་བྱས་ན་ཡག་པོ་ཡོད་པ་དང་། སྤྱི་ཚོགས་ནང་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་ནས་སྙོབ་ཀྱི་མེད་པའི་དཀའ་ངལ་ཁག་ལ་དམིགས་བསལ་གྱིས་ཐུགས་འཁུར་བཞེས་དགོས་སྐོར་སོགས་གསུངས་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། སྤྱིར་བཏང་འགྲོ་བ་མིའི་སྤྱི་ཚོགས་ཟེར་དུས་སྐྱེས་པ་དང་བུད་མེད་ཟུང་འབྲེལ་ཐོག་འགྲོ་དགོས་པའི་སྤྱི་ཚོགས་ཤིག་ཡིན་པ་ལས། བུད་མེད་རྐྱང་པ་དང་སྐྱེས་པ་རྐྱང་པས་སྐྱོང་ཐུབ་པའི་སྤྱི་ཚོགས་ཤིག་ཆགས་ཡོད་པ་མ་རེད། འཁོར་བའི་ནང་འཁོར་བའི་གནས་སྐབས་སུའང་ལས་དང་ཉོན་མོངས་བ་ཟུང་འབྲེལ་ཐོག་ནས་འཁོར་གྱི་ཡོད་པ་རེད། ཐར་བ་སྒྲུབ་པའི་སྐབས་སུའང་ཐབས་དང་ཤེས་རབ་ཟུང་འབྲེལ་ཐོག་ནས་འགྲོ་ཡི་ཡོད་པ་མ་གཏོགས། ཐབས་རྐྱང་པས་སངས་རྒྱས་ཐུབ་རྒྱུ་དང་ཤེས་རབ་རྐྱང་པས་སངས་རྒྱས་ཐབས་མེད་པ་དེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་ནས་ཡང་དུ་བཀའ་གནང་ཡོད་པ་ཞིག་རེད།

དེར་བརྟེན་ཐབས་ཤེས་དང་བུད་མེད་ནི་རྟེན་འབྱུང་གི་རྣམ་གཞག་ནང་གཅིག་མེད་ཚེ་གཞན་དེ་ཡང་མེད་པ་ཆགས་འགྲོ་ཡི་ཡོད་པ་དང་། གཅིག་ལ་གཅིག་རྟེན་གྱི་རྣམ་གཞག་ཆ་ཚང་བ་ཞིག་མ་བྱུང་ཚེ། འཁོར་འདུས་ཀྱི་རྣམ་གཞག་གཉིས་ཆ་འབྱེད་འགྲོ་བ་ཆགས་ཀྱི་ཡོད།  དེར་བརྟེན། གདོད་མའི་སྤྱི་ཚོགས་ནང་ལའང་སྐྱེས་པ་དང་བུད་མེད་ཀྱི་འགན་འཁུར་འདྲ་མཉམ་རེད། ཡིན་ན་ཡང་། སྐྱེས་པ་དང་བུད་མེད་ཀྱི་འགན་གཙོ་བོ་ག་རེ་ཡིན་པའི་ཐད་འགན་འཁུར་ལ་དབྱེ་བ་ཡོད་པ་རེད། གདོད་མའི་སྤྱི་ཚོགས་ནང་ལས་འགན་གྱི་སྐད་ཆ་མ་གཏོགས་ཐོབ་ཐང་གི་སྐད་ཆ་ཡོད་པ་མ་རེད། ཐོབ་ཐང་གི་སྐད་ཆ་བཤད་རྒྱུ་དེ་དེང་རབས་སྤྱི་ཚོགས་དཔལ་ཡོན་གྱི་དུས་འགྱུར་ཞིག་རེད། སྐད་ཆ་དེ་བཤད་པའི་ཉིན་ནས་བཟུང་འགྲན་སྡུར་དང་འཐབ་རྩོད། ཁ་གཏད་གཅོག་ཟེར་བ་དེ་རང་བཞིན་གྱིས་ཡོང་གི་ཡོད་པ་ཞིག་ཆགས་ཡོད། ཅེས་དང་། བོད་ཀྱི་བུད་མེད་ཚོས་འབྱུང་འགྱུར་ནུབ་ཕྱོགས་པའི་ལད་ཟློས་བྱས་ཏེ་བུད་མེད་ཀྱི་ཐོབ་ཐང་རྩོད་པའི་ཚབ་ལ་བོད་ཀྱི་མི་རབས་སྔ་མ་ཚོའི་མཛད་རྗེས་ནང་བཞིན། བུད་མེད་ཀྱི་ལས་འགན་རྗེས་ལུས་མ་ཐེབས་པ་བྱེད་རྒྱུའི་བསམ་ཚུལ་དེ་ངེས་པར་ཤུགས་ཆེ་རུ་གཏོང་རྒྱུ་དང་གོ་བརྡ་སྤྲོད་དགོས་རྒྱུ་དེ་གལ་ཆེན་པོ་རེད་དགོངས་ཀྱི་ཡོད་སྐོར་དང་། ཆོས་དང་ཆབ་སྲིད་ཀྱི་བྱ་བ་ཅི་འདྲ་ཞིག་ཡིན་རུང་། འདི་དང་འདི་བྱུང་གི་རེད་ཅེས་ཞུ་ཐུབ་ཀྱི་མེད་སྐོར། དེ་བཞིན་རིགས་རྒྱུད་ཅིག་སྤེལ་བར་བཅས་པ་ལ་ཕ་དང་མ་གཉིས་ཆས་འདྲ་མཉམ་ཐོག་ཡོང་དགོས་སྐོར།  གང་ལྟར་མིའི་སྤྱི་ཚོགས་འཚོ་བར་བཅས་པ་ལ་སྐྱེས་པ་དང་བུད་མེད་ཀྱི་རྟེན་གཉིས་པོ་དེ་འདྲ་མཉམ་ཐོག་ལས་ཀ་མ་བྱས་པ་ཡིན་ན་ཡོང་ཐབས་མེད་སྟབས། སྐྱེས་པ་ནི་ཐབས་དང་བུད་མེད་ནི་ཡོན་ཏན་ཟུང་འབྲེལ་ཐོག་མ་འོངས་པའི་མི་རབས་གསར་པ་རྒྱུན་སྐྱོང་གནང་དགོས་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕོ་མོ་འདྲ་མཉམ་དུ་གཟིགས་ཡོད་སྐོར་ཁོང་གིས་། སངས་རྒྱས་འཇིག་རྟེན་ཏུ་བྱོན་པའི་སྐབས་རྒྱ་གར་གྱི་སྤྱི་ཚོགས་ངན་གོམས་ཆེ་ཤོས་དེ་སྐྱེས་པ་དང་བུད་མེད་ལ་མཆོག་དམན་བརྩི་རྒྱུ་དང་། རིགས་ཀྱི་དབྱེ་བ་ཕྱིས་ཏེ་ཆོ་ག་སྒྲུབ་ཕྱོགས་ཀྱི་ཐོབ་ཐང་འདྲ་མཉམ་མེད་པ་དེ་ཡིན་སྟབས།  སངས་རྒྱས་འཇིག་རྟེན་ཏུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། རྟེན་མི་གཙོ། བསམ་པ་ཉིད་གཙོ་བ་ཡིན་ཞེས་གསུངས་ཏེ་རྒྱ་གར་གྱི་སྤྱི་ཚོགས་ནང་དམིགས་བསལ་གྱི་ལམ་སྲོལ་གསར་པ་ཞིག་གཏོད་གནང་མཛད་ཡོད་པ་དང་། འཇིག་རྟེན་འདིར་བྱོན་པའི་ཆོས་ཕྱོགས་ཀྱི་སྟོན་པ་ཚང་མའི་གསུང་ལ་གཟིགས་པ་ཡིན་ན། སངས་རྒྱས་ཀྱི་གསུང་ནང་བཞིན་སྐྱེས་པ་དང་བུད་མེད་རྟེན་གྱི་དབྱེ་བ་མ་ཕྱེས་པར་ ག་དུས་ཡིན་ཡང་འདྲ་མཉམ་ཐོག་མཉམ་ཞུགས་བྱེད་ཆོག་པ་བཟོས་པ་ནི་སྟོན་པ་ཁོང་མ་གཏོགས་ཧ་ལམ་མེད་པ་འདྲ་བོ་ཡིན་པ་མ་ཟད། སངས་རྒྱས་ཀྱི་གསུངས་པའི་མདོ་རྒྱུད་ག་འདྲ་ཞིག་ཏུ་གཟིགས་པ་ཡིན་ནའང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་ཞེས་གསུངས་ཡོད་སྟབས། སྒྲ་བཅོམ་པའི་གོ་འཕང་ཐོབ་རྒྱུ་དང་ཉན་ཐོས་སྒྲ་བཅོམ་པའི་གོ་འཕང་ཐོབ་རྒྱུ་སོགས་འདི་ཕྱི་གཉིས་ཀྱི་གོ་འཕང་ག་འདྲ་ཞིག་ཐོབ་དགོས་ཀྱི་ཡོད་ནའང་། ཐབས་དང་ཤེས་རབ་གཉིས་པོ་དེ་ཡ་མ་བྲལ་བ་བྱས་ནས་འགྲོ་དགོས་རྒྱུ་དེ་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༥/༡༡

Leave a Reply

2 thoughts on “སྐྱེས་པའི་ཐབས་དང་བུད་མེད་ཀྱི་ཡོན་ཏན་ཟུང་འབྲེལ་ཐོག་མ་འོངས་མི་རབས་གསར་པ་རྒྱུན་སྐྱོང་གནང་གལ་ཆེ།

  1. སྐུ་མགྲོན་གཙོ་བོ་མཁས་དབང་རིན་པོ་ཆེ་མཆོག་ནས་བཀའ་སློབ་རིན་ཐང་ཅན་ཞིག་གནང་
    འདུག་པ་་བཀའ་དྲིན་ཆེ། ཁྱེད་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཡང་དག་པ་སྒྲུབ་
    མཁན་གཅིག་ཡིན་པ་དང། རང་རེའི་སྤྱི་ཚོགས་གང་དུ་བཀའ་སློབ་གནང་ཡང་་་རྩ་ཆེན་ཤ་སྟག་གསུང་
    མཁན་ཞིག་ཡིན་པ་ཀུན་གྱིས་ཤེས་བཞིན་པ་རེད།
    བཀའ་དྲིན་ཆེ་རིན་པོ་ཆེ། སྐུ་ཚེ་རབ་བརྟན་ཤོག་

  2. གཞུང་པ་ཚེ་དབང་བསོད་ནམས་།

    སྐུ་མགྲོན་གཙོ་བོ་རིན་པོ་ཆེ་མཆོག་ནས་གནད་ལ་འཁེལ་བའི་བཀའ་སློབ་གནང་འདུག་ཐུགས་རྗེ་ཆེ་བཀྲིན་ཆེ་།