བཙོན་ཁང་ནས་སྦྱངས་བའི་ལག་ཤེས་བེད་སྤྱོད་གཏོང་མི་ཆོག 

བོད་མི་ཞིག་གིས་བཙོན་ཁང་ནས་མི་ལོ་༨ རིང་བཙོན་བཅུག་དང་ལས་ཀ་བྱེད་བཅུག་སྟེ་བཙོན་གྲོལ་ཐོབ་པ་དང་རྒྱ་ནག་གཞུང་གིས་བཙོན་ཁང་ནས་བསླབ་པའི་ལག་ཤེས་ཀྱིས་ལས་ཀ་བྱེད་བཅུག་གི་མེད་འདུག

རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁོངས་ནས་ཡིན་པའི་བོད་མི་ཞིག་དང་ཁ་བརྡ་བྱེད་སྐབས། ཁོང་གི་ཚ་བོ་ཞིག་རྒྱ་ནག་གཞུང་གི་བཙོན་ཁང་དུ་ལོ་ ༨ ལྷག་ལ་བསྡད་ཡོད་པ་དང་། དུས་ཡུན་དེའི་རིང་གཙོ་བོ་ལམ་བཟོ་དང་ས་གདན་འཐག་ཡོད་པ་དང་། ཁོ་རང་ལས་ཀ་ག་རེ་བྱས་པ་ཡིན་ནའང་འཇོན་པོ་ཞིག་ཡོད་པས་ས་གདན་ཧ་ཅང་ཡག་པོ་འཐག་ཤེས་ཀྱི་ཡོད་སྟབས། བཙོན་འཇུག་དུས་ཡུན་ལོ་ ༨ ཟིན་ཏེ་ཀློད་གྲོལ་ཐོབ་རྗེས། ཁོང་ཚོའི་གྲོང་སྡེའི་ནང་ས་གདན་འཐག་ཤེས་མཁན་མི་གཅིག་ཀྱང་མེད་པས་ཁོས་ས་གདན་འཐག་ནས་རང་ཁ་གསོ་ཐབས་དང་། རབ་བྱུང་ན་གྲོང་སྡེའི་ནང་གི་གཞོན་སྐྱེས་ཁག་ཅིག་བསྡུས་ཏེ། ས་གདན་འཁེལ་འཐག་གི་ལས་རིགས་སྦྱོར་བརྡར་སྤྲད་ནས་ཚོང་ལས་གཉེར་བའི་འདོད་པ་ཡོད་ན་ཡང་། ཁོང་གི་ཕ་མ་གཉིས་ཀྱི་གཙོས་ཁྱིམ་མི་རྣམས་ཀྱིས་ཀྱང་ལས་རིགས་དེ་གཉེར་ཐུབ་ན་ཡག་པོ་འདུག་བསམ་གྱི་ཡོད་ཀྱང་། གོང་རིམ་ནས་བཀའ་བཀོད་བཏང་སྟེ་ཁོས་བཙོན་ཁང་ནས་སྦྱངས་བའི་ལག་ཤེས་ཀྱི་ཐོག་ནས་ཚོང་ལས་གཉེར་མི་ཆོག་སྐོར་བརྗོད་པར་བརྟེན། ཁོའི་རང་གི་ལག་ཤེས་དེ་བེད་སྤྱོད་གཏོང་ས་མེད་པ་ཞིག་ཆགས་བསྡད་ཡོད་སྐོར་བརྗོད་བྱུང་།

ཡང་བོད་མི་དེས། ལོ་གཅིག་གི་གོང་དུ་ཁོང་ཚོའི་གྲོང་སྡེའི་རུ་དཔོན་རྣམས་ཀྱི་གཙོས་མི་མང་ལྷན་འཛོམས་ཐོག་སྡེ་དཔོན་འདེམས་སྒྲུག་བྱས་ཡོད་པ་དང་། ཁོང་གི་ཚ་བོ་ནི་རྒན་པ་ཚོའི་ནང་ནས་རྒྱ་སྐད་ཤེས་མཁན་ཡག་ཤོས་དང་། རྒྱུན་དུ་སྤྱི་པའི་ལས་དོན་ཆེ་ཆུང་ག་རེ་ཡིན་ནའང་རང་ནུས་གང་ཡོད་ཀྱིས་འཁུར་ལེན་ཞིང་། ལས་ཀ་ལའང་འཇོན་པོ་ཞིག་ཡོད་སྟབས། སྡེ་མི་ཚོས་ཁོ་སྡེ་དཔོན་དུ་བཞག་ན་འཚམ་ཤོས་ཡིན་པའི་བསམ་ཚུལ་བཏོན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཐད་ཀར་བསྐོ་བཞག་བྱས་ཤིང་། ཕ་མའི་རིང་ནས་གུང་ཁྲན་ཏང་ལ་གློ་སྙིང་བྲང་གསུམ་དོད་མཁན་གྱི་སྔོན་ཐོན་པ་ཟེར་བའི་གྲས་སུ་ཚུད་པའི་སྡེ་བའི་དམར་ཤོག་དྲུང་ཆེ་ཡིས་དེ་མ་ཐག་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་ཀྱི་ནག་ཉེས་ཕོག་སྟེ་བཙོན་ཁང་དུ་ཕྱིན་པ་ཞིག་ལ་སྡེ་དཔོན་བྱེད་པའི་ཐོབ་ཐང་མེད་ལ། མི་དེ་འདྲ་ཞིག་སྡེ་དཔོན་དུ་བསྐོ་བཞག་བྱས་ན་ཁོ་རང་གིས་གོང་རིམ་ལ་ཞུ་རྒྱུ་ཡིན་པ་མ་ཟད། ཁོས་དམར་ཤོག་དྲུང་ཆེ་ནས་རྩ་དགོངས་ཞུ་རྒྱུ་ཡིན་སྐོར་བརྗོད་དེ་ཚིག་རྩུབ་སྣ་ཚོགས་བཤད་ཡོད་པ་དང་། སྐབས་དེར་ཚོགས་ཞུགས་སྡེ་མི་ཚོས་སྡེ་དཔོན་སུ་ཞིག་འདེམས་མིན་གྱི་ཐོབ་ཐང་དེ་མི་མང་ལ་ཡོད་པ་ལས་དམར་ཤོག་དྲུང་ཆེར་འབྲེལ་བ་མེད་ལ། སྡེ་དཔོན་འདེམས་པའི་ཐོབ་ཐང་སྲིད་གཞུང་གིས་མི་མང་ལ་སྤྲད་ཡོད་པ་བརྗོད་ཡོད་ཀྱང་། དམར་ཤོག་དྲུང་ཆེས་གང་ལྟར་བཙོན་ཟུར་དེ་བདམ་པ་ཡིན་ན་ཁོས་རྩ་དགོངས་ཞུ་རྒྱུ་ཡིན་པ་མ་ཟད། སྔོན་ལ་གོང་རིམ་དུ་གནས་ཚུལ་སྙན་གསེང་ཞུས་ཏེ་གནད་དོན་ག་རེ་བྱུང་བ་ཡིན་ནའང་རུ་དཔོན་ཚོས་འགན་འཁུར་དགོས་ཀྱི་ཡོད་ལུགས་སོགས་བཤད་པར་བརྟེན། ཁོང་གི་ཚ་བོ་ཚོགས་རའི་ནང་ནས་ཡར་ལངས་ཏེ་སྡེ་མི་ཚོས་ཁོ་རང་ལ་ཡིད་ཆེས་བློ་འགེལ་བྱས་པར་དགའ་བོ་བྱུང་ཡང་། མ་འོངས་པར་ཁོ་རང་གི་རྐྱེན་གྱིས་སྡེ་མི་ཚོར་མ་བདེ་མ་སྐྱིད་པ་རེ་ཡོང་ན་ཡག་པོ་མེད་པས། ཁོ་རང་སྡེ་དཔོན་དུ་འདུག་རྒྱུ་མིན་ཞེས་བཤད་པར་བརྟེན་སྡེ་མི་གཞན་ཞིག་འདེམས་དགོས་བྱུང་སྐོར་དང་། ཕ་མ་གཉེན་ཉེ་རྣམས་ཀྱི་སེམས་ལ་ཁོང་བཙོན་གྲོལ་ཐོབ་རྗེས་མི་མང་སྤྱི་མཚུངས་ལྟར་འཚོ་བ་སྐྱེལ་ནས་བསྡད་ན་དཀའ་ངལ་གང་ཡང་མེད་པ་རེད་བསམ་ཡོད་ཀྱང་། གློ་བུར་དུ་གནད་དོན་དེ་འདྲར་ཐུག་དུས་ཧ་ཅང་བློ་ཕམ་དང་། རྒྱལ་ཁབ་ཀྱི་བཙོན་དུ་བཅུག་མྱོང་བའི་མི་ཞིག་ཡིན་ན་ཚེ་གང་ཉེས་ཅན་དུ་གྱུར་ཡོད་པའི་དོན་དངོས་དེ་ཤེས་སོང་སྐོར་བརྗོད་བྱུང་།

འདི་གའི་གསར་འགོད་པས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བཙོན་ཟུར་དང་འབྲེལ་ཡོད་ཁག་ཅིག་ལ་སྐད་ཆ་དྲིས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཆབ་སྲིད་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་བོད་ཁུལ་གྱི་གྲྭ་བཙུན་དང་སློབ་མ། དེ་བཞིན་སྲིད་གཞུང་གི་ལས་བྱེད་སོགས་བཙོན་ཁང་དུ་ཚུད་པ་ཡིན་ན། བཙོན་འཇུག་དུས་ཡུན་ཡོངས་སུ་རྫོགས་ཏེ་ཀློད་གྲོལ་ཐོབ་པ་ཡིན་ནའང་སྔར་གྱི་ལས་སྒོར་ཞུགས་མི་ཆོག་པ་དང་། སློབ་གྲྭ་དང་དགོན་སྡེ་ལའང་འཛུལ་ཞུགས་བྱེད་པར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་མ་ཟད། གསར་དུ་ལས་ཀ་འཚོལ་བ་ལའང་འགོག་རྐྱེན་ཆེན་པོ་བཟོ་ཡི་ཡོད་འདུག

དེ་ཡང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲ་ཤིས་ལགས་སུ། བོད་ནང་གི་བཙོན་པ་ཚོ་ཀློད་གྲོལ་ཐོབ་རྗེས་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་པ་དང་། དེ་སྔོན་གྱི་བཙོན་ཟུར་ནང་གོང་བརྗོད་དཀའ་ངལ་དེ་འདྲ་བྱུང་བའི་གནས་ཚུལ་ཤེས་རྟོགས་ཡོད་མེད་དྲིས་པར། ང་རང་ལ་མཚོན་ན། ཆབ་སྲིད་བཙོན་པ་ཚོ་དང་མཉམ་དུ་ལས་ཀ་བྱས་པའི་བརྒྱུད་རིམ་ཁྲོད་ནས་རྒྱུས་ལོན་བྱུང་བར་གཞིགས་ན། བཙོན་པ་ཚོ་བཙོན་ཁང་ནང་བཅུག་པ་དང་བཙན་གྱིས་ས་བརྐོ་རྡོ་སློག་དང་། ཚལ་ཞིང་འདེབས་པ་དང་གསང་སྤྱོད་འཁྲུད་བཅུག་པ། དེ་བཞིན་འཚེམ་བུ་རྒྱག་པ་སོགས་ལས་ཀ་འདྲ་མིན་བཀོལ་གྱི་ཡོད་པ་རེད། ལས་ཀར་བཀོལ་ནས་ཁོང་ཚོས་སེམས་པ་རྣམ་དག་གིས་བཙོན་པ་དེ་ཚོའི་མི་ཚེ་ནང་ལག་ཤེས་ཤིག་ཤེས་ཀྱི་རེད་དང་ཕན་གྱི་རེད་བསམ་ནས་བསླབ་པ་མ་ཡིན་པར། ཆེད་དུ་ལས་ཀ་དཀའ་ལས་ཁག་པོ་དེ་འདྲ་ལ་བཀོལ་ནས་ལས་ཀར་བཀོལ་པའི་བརྒྱུད་རིམ་ནང་ཁྲིམས་སྒྲིག་གིས་བཙན་གྱིས་ལས་ཀ་མ་བྱས་རང་བྱས་ཆགས་ཀྱི་ཡོད་པ་རེད། ལས་ཀ་དེ་ཉིན་ནས་ཟླ་དང་ཟླ་ནས་ལོ་རིང་བྱེད་དགོས་ཀྱི་ཡོད་དུས་རང་བཞིན་གྱིས་ཁོང་ཚོས་ལག་ཤེས་མང་པོ་ཤེས་ཡོང་གི་ཡོད་ན་ཡང་། མང་པོ་ཞིག་བཙོན་གྲོལ་ཐོབ་རྗེས་རང་གིས་བཙོན་ཁང་ནས་ཤེས་པའི་ལག་ཤེས་དེས་ལས་ཀ་གང་ཡང་བྱེད་བཅུག་གི་མེད་པ་དང་། ཡང་ཁ་ཤས་ཀྱིས་བཙོན་ཁང་ནས་སྦྱང་བའི་ལག་ཤེས་སོགས་ལ་བརྟེན་ནས་ལས་གཉེར་ཡག་པོ་བྱེད་འབུག་མཁན་ཀྱང་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས་ཆབ་སྲིད་བཙོན་པ་ཚོ་བཙོན་ཁང་ནས་ཀློད་གྲོལ་ཐོབ་པ་ཡིན་ན་ཡང་། བཙོན་ཁང་གི་རྒྱལ་སྒོ་ལ་ཐོན་པ་ཙམ་མ་གཏོགས་སྤྱི་ཚོགས་ཐོག་ལ་མི་གཞན་དང་གཅིག་མཚུངས་ཀྱི་རང་དབང་དང་ཐོབ་ཐང་། ལས་གཉེར་དང་འགྲོ་སྐྱོད་སོགས་ཀྱི་རང་དབང་ཡོད་པ་མ་རེད། དེ་ལས་ཀྱང་རྒྱ་ཆེ་ས་དང་གཏིང་ཟབ་ས་ནས་བཤད་ན། ང་ཚོ་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ལ་མི་མང་སྤྱི་ཡོངས་ཀྱི་ཆབ་སྲིད་ཀྱི་རང་དབང་དང་ཐོབ་ཐང་ཡོད་པ་མ་རེད། བོད་པ་ཚོ་ཚང་མར་མེད་ས་ནས་རྒྱ་ནག་ལ་ངོ་རྒོལ་བྱས་ཏེ་བཙོན་ཁང་ནས་ཡོང་བའི་མི་ཞིག་ལ་རང་དབང་དང་ཐོབ་ཐང་ཡོད་ཐབས་མེད་པ་ཞིག་རེད། ཆབ་སྲིད་བཙོན་མ་ཞིག་གློད་ཚར་ན་ཡང་དང་པོ་སོ་སོའི་འབྲེལ་ཡོད་ས་གནས་གཞུང་ལ་ཐོ་འགོད་དགོས་པ་དང་། དེ་ནས་བཟུང་བདུན་གཅིག་དང་ཟླ་གཅིག་གང་ལྟར་འབྲེལ་ཡོད་ཀྱི་ས་གནས་ལ་ང་འདིར་ཡོད་དང་དེ་ལ་ཡོད་ཅེས་ཐོ་རྒྱག་དགོས་རེད། དེ་འདྲ་ཡིན་དུས་བྱེ་བྲག་བྱས་ནས་བཤད་མི་ཐུབ་ན་ཡང་རྒྱ་ནག་གཞུང་གི་བཙོན་ཁང་ནས་ཡོང་མཁན་ཚོར་འགྲོ་འདུག་རང་དབང་དང་ལས་གཉེར་བྱེད་སྟངས། དེ་བཞིན་འཚོ་གནས་སོགས་ཀྱི་ཐད་ནས་ཚང་མར་དཀའ་ངལ་གཅིག་མཚུངས་ཀྱིས་འཕྲད་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༡༢

Leave a Reply