བོད་ནས་རྡུལ་ཕྲན་མཚོན་ཆའི་རྫས་ལྡན་ཆུ་འཁོལ་ཞིག་རྙེད།

བོད་མངའ་རིས་ས་ཁུལ་ནས་མེ་ཤུགས་འཕུར་མདའ་དང་རྡུལ་ཕྲན་མཚོན་ཆ་བཟོ་བར་སྤྱོད་ཆེ་ཞིང་ཧའེ་རླངས་རྫས་འདུས་ཚད་ཧ་ཅང་ཤུགས་ཆེན་པོ་ཡིན་པའི་ཆུ་འཁོལ་ཞིག་གསར་དུ་རྙེད་འདུག

ཁ་སང་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གི་མཚོ་བོད་ས་མཐོ་ཚན་རིག་ཞིབ་འཇུག་ཁང་ཟེར་བ་དང་ཨ་རིའི་སི་ཐན་ཧྥོར་ཌི་གཙུག་ལག་སློབ་ཆེན་(Stanford university)གྱི་ས་གཤིས་རིག་པའི་ཚན་རིག་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་ཐོག བོད་ཀྱི་མངའ་རིས་ས་ཁུལ་ནས་ཆུ་ཚན་ཞིག་གསར་རྙེད་བྱུང་ཡོད་པ་དང་། ཆུ་ཚན་དེར་ཞིབ་འཇུག་བརྟག་དཔྱད་བྱས་པ་བརྒྱུད་གནམ་གྲུ་དང་རྡུལ་ཕྲན་མཚོན་ཆ། དེ་བཞིན་མེ་ཤུགས་འཕུར་མདེལ་སོགས་བཟོ་བར་ཆེས་སྤྱོད་སྒོ་ཆེ་བའི་(Helium)ཧའེ་རླངས་རྫས་ཤུགས་ཆེན་ཡོད་པའི་རང་བྱུང་ཆུ་ཚན་ཞིག་ཡིན་པ་དང་། ཆུ་ཚན་དེ་ཚན་རིག་ཁང་དག་གིས་གསར་སྤེལ་དང་བེད་སྤྱོད་གཏོང་རིན་ཡོད་སྐོར་བརྗོད་འདུག

མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ཁང་ཟེར་བ་དེའི་ཞིབ་འཇུག་འགན་འཛིན་ཀྲའོ་ཕིང་ཟེར་བ་ཞིག་གིས། ཨ་རིའི་ཚན་རིག་ཞིབ་འཇུག་མི་སྣ་དང་མཉམ་ལས་བྱས་ཏེ་གསར་དུ་རྙེད་པའི་ཆུ་ཚན་དེར་ཧའེ་རླངས་རྫས་མང་པོ་འདུས་པའི་རྒྱུ་རྐྱེན་དང་། གནས་སྟངས། འགུལ་སྐྱོད་ཀྱི་བརྒྱུད་རིམ། ཁྱབ་ཚད།  ཐོན་ཁུངས་སོགས་ལ་མུ་མཐུད་ནས་བརྟག་དཔྱད་གཏིང་ཟབ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཧའེ་རླངས་རྫས་ནི་འདྲེས་སྦྱོར་དཀའ་བའི་རླངས་གཟུགས་ཤིག་ཡིན་པ་དང་། རླངས་རྫས་དེ་འཁོལ་བདེ་བ་དང་། ཆ་རྡུལ་ཆུང་བ། མདོག་མེད་དྲི་མེད་ཡིན་པས། སྤྱིའི་ཆ་ནས་རླངས་རྫས་གཞན་དག་དང་རྫས་འགྱུར་བྱུང་མེད་པས། གནམ་གྲུ་དང་མེ་ཤུགས་འཕུར་མདའ། དེ་བཞིན་རྡུལ་ཕྲན་མཚོན་ཆ་སོགས་བཟོ་བར་བེད་སྤྱོད་ཤུགས་ཆེན་ཡོད་པས་ཚན་རིག་ཞིབ་འཇུག་སོགས་ཀྱིས་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༡ ལོར་རྒྱ་ནག་གི་ཚན་རིག་ས་གཤིས་ཁང་དང་སའི་གོ་ལའི་ཞིབ་འཇུག་ཁང་། དེ་བཞིན་རྒྱ་ནག་གིས་བརྗོད་བཞིན་པའི་བོད་ལྗོངས་ས་གཤིས་རྩད་ཞིབ་ཁང་ས་འོག་ཚ་ནུས་དང་ས་གཤིས་རུ་ཆེན་ཚན་ཞིབ་ཁང་ཟེར་བ་སོགས་ཀྱིས་བོད་དུ་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་བརྟག་དཔྱད་བསྟུན་མར་བྱས་ཡོད་པ་དང་། སྐབས་དེར་མངའ་རིས་ས་ཁུལ་གྱི་ས་བབ་མཐོ་ཚད་སྨི་ ༤༣༤༠ ཟིན་པའི་ཆུ་ཚན་གྱི་རླངས་པར་ཧའེ་རླངས་འདུས་ཚད་བརྒྱ་ཆ་ ༡.༢༧ ལྷག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། རྒྱུན་ལྡན་གྱི་རླུང་ཁམས་ནང་ཧའེ་རླངས་རྫས་གྲུབ་ཚད་༥.༢ ལས་མེད་འདུག

དེའི་རྗེས་རྒྱ་ནག་གི་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་ཟེར་བ་དང་ཨ་རིའི་སི་ཐན་ཧྥོར་ཌི་སློབ་ཆེན་གཉིས་མཉམ་འབྲེལ་གྱིས་ཆུ་ཚན་ཁོངས་སུ་ཟངས་མདོང་སྤྱད་ནས་ཞིབ་འཇུག་བྱས་ཏེ། ཨ་རིའི་ཞིབ་འཇུག་པ་ཚོས་ཞིབ་འཇུག་གྲུབ་དོན་ལྟར་ན། ཆུ་ཚན་དེའི་ཧའེ་རླངས་རྫས་འདུས་ཚད་བརྒྱ་ཆ་ ༡.༡༡ བཅས་ཧའེ་རླངས་རྫས་ཀྱི་གྲུབ་ཚད་ཧ་ཅང་ཤུགས་ཆེ་བ་མ་ཟད། ཀ་ཝན་རྫས་ཟེར་བའི་འདུས་ཚད་བརྒྱ་ཆ་ ༠.༥ ཉུང་བ་ལས་མེད་པས། ཚན་རིག་ཞིབ་འཇུག་ཁང་དང་ཚོད་ལྟ་ཁང་སོགས་སུ་སྤྱོད་སྒོ་ཆེན་པོ་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། རྒྱལ་སྤྱིའི་ཐོག་ད་ལྟ་བར་རྒྱ་གར་གྱིས་འཁྱག་གྲང་གཏོང་བའི་ཐབས་ལམ་ལ་བརྟེན་ནས་ཆུ་ཚན་གྱི་རླངས་པ་དང་འདྲ་བའི་ཧའེ་རླངས་ཀྱི་འདུས་ཚད་བརྒྱ་ཆ་ ༠.༧༥ ནས་༩༠ བར་མཐོ་རུ་བཏང་ཐུབ་ཡོད་པ་མ་ཟད། ཧའེ་རླངས་སྒྲིག་ཆས་བཟོ་གྲྭ་ཞིག་ཀྱང་བཙུགས་མྱོང་ཡོད་པ་ལས། གཞན་རྒྱལ་ཁབ་སུས་ཀྱང་ཚན་རིག་ལག་རྩལ་ལ་བརྟེན་ནས་ཧའེ་རླངས་རྫས་ཀྱི་འདུས་ཚད་ཤུགས་ཆེན་ཡོད་པ་བཟོ་ཐུབ་མེད་འདུག

       གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༥/༡༤

Leave a Reply